R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༩༥
[A:༦༩༥]དབུས་སུ་གདན་དྲངས་ཏེ། ཐུབ་བསྟན་ལྷ་ཆེན་གྱི་མཁན་པོ་བྱམས་པ་བཀྲ་ཤིས་ཆོས་འཕེལ་ཉིད་ཀྱིས་རྡོ་རྗེ་ཕུར་པ་ལ་བརྟེན་པའི་དུས་མཐའི་ཆོ་གས་བྱིན་ཟར་ཞུ་སྦྱོང་མཛད་འཕྲལ། ཞུགས་རང་བཞེས་ལྟ་བུའི་ངོ་མཚར་གྱི་ཚེའང༌། ནམ་མཁའ་ཤིན་ཏུ་སྔོ་དྭངས་པ་ལ་མེ་ཏོག་གི་ཆར་བབས་པ་སོགས་བྱུང་ཞིང༌། དེ་ཉིན་སྣ་ལྔའི་སྟོང་མཆོད། འདུས་ཚོགས་སུ་བླ་མ་མཆོད་ཆོག་མཇམ་མང་ཇ་དངུལ་འགྱེད། ངན་སློང་རྣམས་ལ་སྦྱིན་གཏོང་རླབས་པོ་ཆེ་སྤྱི་སྒེར་ནས་བསྩལ། ཚེས་ལྔ་ཉིན་གདུང་རུས་རྣམས་ཞབས་ལྷར་སྤྱན་དྲངས་ཏེ་མཆོད་འབུལ་ཁྲུས་གསོལ་བཅས་དང༌། དེ་ལྟར་གདུང་རུས་རྣམས་ལ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་དང༌། རྗེ་བཙུན་གོང་མ་ལྔ། དབང་ལྷ་སྐོར་གསུམ། ཐུབ་པའི་དབང་པོའི་སྐུ་བཞུགས་ཁྱིམ་བཅས་དང༌། རྣལ་འབྱོར་དབང་ཕྱུག་འཇམ་དབྱངས་ལ་སོགས་པ་དང༌། ཧཱུྃ་ཡིག་ལ་སོགས་པ་ཡིག་འབྲུའི་ཚོགས་རྣམས་དང༌། བྱང་ཆུབ་མཆོད་རྟེན་ལ་སོགས་པ་རྟེན་གསུམ་འབུར་དོད་དང༌། རི་མོའི་རྣམ་པ་ཅན་ལ་སོགས་པ་དད་ལྡན་གྱི་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་དཔལ་དུ་བསྐྲུན་པར་མཛད་དོ། །དེ་རྣམས་གདུང་རུས་རྣམས་རྒྱུད་སྡེ་རྣམས་ནས་གསུངས་པ་བཞིན་དྲི་བཟང་དང་བཅས་བཏུལ་ཏེ། གདུང་ཚྭ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས། ཆོས་སྲུང་ནོར་ལྷ་དང་བཅས་པའི་སྐུ་པར་གྲངས་མེད་པར་བཏབ་སྟེ། གསེར་གསོལ་ཕུལ་ནས། སྔགས་འཆང་ཀུན་དགའ་བསོད་ནམས་ཀྱིས་རབ་གནས་མཛད། ཕྱག་རྒྱས་བཏབ་ནས་ཚོགས་ཀྱི་དབུས་སུ་བཞུགས་སུ་གསོལ།