R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༢༢
[A:༧༢༢]དཔོན་སྔར་ལམ་བཞིན་མཛད། དེ་ནས་འབྲུག་ལོའི་ནང་ཕུར་སྒྲུབ་སློབ་དཔོན་ཐོག་མར་མཛད། སྦྲུལ་ལོའི་དབྱར་གསུང་ངག་རིན་པོ་ཆེ་ལམ་འབྲས་ཐོག་མར་གནང་བའི་ཆོས་ཞུ་བའི་གཙོ་བོ་གང་གི་གཅུང་པོ་གསང་བདག་དཔལ་ཆེན་འོད་པོ་དང༌། སྐུ་མཆེད་རྗེ་བཙུན་པདྨ་དབང་མོ། མ་ལགས་དམ་པ་འཆི་མེད་རིག་འཛིན་དཔལ་གྱི་བུ་ཁྲིད་བཅས་དང༌། ཆོས་སྡེ་ལྷོ་བྱང་བགྲེས་གཞོན་གྲས་དང༌། ཁམས་ཁུལ་ས་དགོན་ཁག་སོགས་ཞལ་གྲངས་བཞི་བཅུ་སྐོར་ལ་བསྩལ་བའི་ཆོས་ཀྱི་རྣམ་གྲངས་ནི། འོག་ཏུ་ཁུ་དབོན་རིན་པོ་ཆེ་ཉིད་ཀྱི་རྣམ་ཐར་སྐབས་བཞིན་དང༌། འདི་སྐབས། གྲོ་བཞིན་ཟླ་ནང༌། ནམ་རྒོད་དྲག་ཆར་སོགས་ཆེར་བབས་རྐྱེན་དཔལ་ཆེན་ཕོ་བྲང་ངོས་ནས་འབྱུང་པོ་མི་མིན་གྱི་ཆོ་འཕྲུལ་ལྟ་བུའི་ཤྭ་ལོག་དྲག་པོས་ཆུ་རགས་རྣམས་ཀྱང་ཚང་མ་ཆུས་ཁྱེར། སྒྲོལ་མ་གཙུག་ལག་ཕོ་བྲང་དང་བཅས་པར་ཤིན་ཏུ་ཉེན་ཆེར་གྱུར་པར། ཡབ་རྗེ་རྡོ་རྗེ་འཆང་ཉིད་ཐོག་ཁར་ཕེབས་ཏེ་ཡི་དམ་གྱི་ང་རྒྱལ་དྲག་པོས་ལྟ་སྟངས་སྡིགས་མཛུབ་སོགས་མཛད་པ་ཙམ་གྱིས་ཆུ་ལོག་ནུབ་ངོས་སུ་ཤད་ཀྱིས་བསྒྱུར་ཞིང༌། ཕྱག་ནས་སོགས་འཐོར་གནང་གིས་སྒྲོལ་ལྷ་ཕོ་བྲང་བཅས་པར་ཉེས་སྐྱོན་མ་བྱུང་ཡང༌། ལྕང་ར་ཀླུ་ལྡིང་སོགས་འདམ་དང་རྫབ་ཀྱིས་ནོན་པར། ངེད་རང་དྲན་ནས་ཀྱང་སིང་མ་རྩ་སོགས་མེད་པ་ལོ་ཤས་བསྡད་སོང་བ་སོགས་ལ་གཞིགས་ན། ཆུ་ཆེན་པོ་ཡོ་ལང་ཞིག་རྒྱས་ཚོད་འདུག སློབ་དཔོན་འཇིགས་བྲལ་རྣལ་འབྱོར་གྱི་དབང་ཕྱུག་ཉིད་སླར་ཡང་བྱོན་པ་ལྟ་བུ་ཚང་མས་མཐོང་ཚོད་འདུག ལྕགས་རྟ་