R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༢༣
[A:༧༢༣]ལོ་ནང་ཡབ་རྗེ་མཆོག་དང་མ་ལགས་དེ་ཉིད་བན་ཚང་པ་སོགས་སྟོན་འཁོར་གང་འཚམ་དང་བཅས། གངས་ཏི་སི་དང་མཚོ་མ་ཕམ་པ་སོགས་ལ་བསྐོར་བ་དང་གནས་མཇལ་སོགས་ལ་ཕེབས་ཅིང༌། ཞར་ལ་གུ་གེ་ཆོས་རྒྱལ་དང་། སྟོད་སྒར་དཔོན་སོགས་ནས་ཀྱང་ཞབས་ཏོག་ཆེར་སྒྲུབ་ཚོད་འདུག ཏི་སི་འདི་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེས་ཡུལ་ཉེར་བཞི་དང༌། གནས་སོ་གཉིས་མཐའ་དག་ཚང་བའི་འཁོར་ལོ་སྡོམ་པའི་རང་བྱུང་གི་ཕོ་བྲང་ཤིན་ཏུ་བྱིན་རླབས་ཆེ་བ་ཡིན་གསུངས་ཤིང༌། ཡང་བླ་མ་གོང་མ་འགའ་ཞིག་གིས་བཞེད་པར་ཡུལ་ཉེར་བཞིའི་ནང་ཚན་ཧི་མ་ལ་ཡ་ཞེས་པ་གངས་ཆེན་གྱི་སྐད་དོད་དེ་བཞིན་ཡིན་པར་གསུངས་པ་སོགས་སྣ་ཚོགས་ཡོད་ཀྱང༌། ས་ཆེན་གོང་མ་ལྔ་སོགས་ཀྱི་བཞེད་སྲོལ་ལ་མ་མོ་གནས་འདི་རྣམས་བོད་ཀྱི་སྐྱེས་ཆེན་གྲུབ་ཐོབ་མང་པོས་བྱིན་གྱིས་རླབས་ཤིང་སངས་རྒྱས་པའི་གནས་ཡིན་ལ་བྱིན་རླབས་ཤིན་ཏུ་ཆེ་ཡང༌། རྒྱལ་བས་མདོ་རྒྱུད་ནས་གསུངས་པའི་གནས་ཆེན་ཡུལ་ཉེར་བཞིའི་ནང་ཚན། རི་བོ་གངས་ཅན་དང༌། མཚོ་མ་དྲོས་སོགས་ནི་མིན། ཡིན་ན་དུས་འཁོར་མངོན་པ་མཛོད་སོགས་ནས་གསུངས་པའི་མཚན་ཉིད་མ་ཚང་ཚུལ་གསུངས་པ་ཡིན་ཏེ། རབ་དབྱེ་ལས། གངས་རི་གསེར་གྱི་བྱ་སྐྱིབས་དང༌། །འཛམ་བུའི་ཤིང་དང་ས་སྲུང་བུ། །གླང་ཆེན་ལྔ་བརྒྱས་བསྐོར་བ་དང༌། །དགྲ་བཅོམ་ལྔ་བརྒྱ་བཞུགས་པའི་ཡུལ། །ད་ལྟའི་ཏི་སི་འདི་མ་ཡིན། །མ་དྲོས་རྒྱ་མཚོ་མ་ཕམ་མིན། །ཞེས་སོགས་གསལ་བར་གསུངས་པས་ཤེས་སོ། །དེ་ནས་ཟླ་བ་བཅུ་པའི་ནང་ཙམ་ལ་