R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༢༤
[A:༧༢༤]ཆིབས་འགྲུལ་འཁོར་ཏེ། དུས་མདོས་སོགས་ཚོགས་ཕེབས་རྣམས་ལ་རྟག་པར་ཕེབས་ལ་དེ་སྐབས་དགུན་བཞུགས་ཀྱང་དུས་མཆོད་རྩེར་གནང་ཚོད་འདུག འདི་སྐབས་ཙམ་ལ་དགའ་ལྡན་དཔོན་སློབ་སངས་རྒྱས་བཀྲ་ཤིས་སོགས་ནས་གསོལ་བཏབ་ཀྱིས། ཀྱཻ་རྡོར་སྒྲུབ་མཆོད་གང་ན་གང་ཡོད་ཀྱི་སློབ་དཔོན་རྒྱུན་དུ་མཛད་སྐད་འདུག ལྕགས་ལུག་ཆུ་སྟོད་ཟླ་བའི་ཚེས་བཅུ་བདུན་ལ་ཁོ་བོ་བཙས་པའི་ལོ་རྒྱུས་རྣམས་རང་མཚང་རྗེན་པར་སྟོན་པའི་སྐབས་སུ་བརྗོད་རྒྱུ་ལས། གནས་སྐབས་བསྐྱུར་བའོ། །འདི་ལོ་བདག་ཁྲི་ཀུན་དགའ་བསོད་ནམས་མཆོག་ཕུར་སྒྲུབ། དུས་མདོས་སོགས་ཀྱི་སློབ་དཔོན་སྐབས་རེ་མ་གཏོགས་ལོ་ལྟར་མཛད། ལྕགས་ལུག་བདག་ཁྲི་ཡབ་སྲས་དབུས་ཕེབས་སུ་ཆིབས་བསྒྱུར་གྱིས་ཆུ་སྤྲེལ་ཟླ་བ་བདུན་བརྒྱད་ཙམ་ལ་ཡབ་རྗེ་མཆོག་ནས་ཁྲི་ཚབ་གནང་སྟེ་སྒྲིག་ལམ་ཀུན་སྤྱོད་སོགས་གང་ཅི་སྐོར་ལ་བཀའ་ཁྱབ་ཀྱི་འཐུས་ཤོར་མེད་པ་མཛད། ཆུ་བྱ་ལོ་ནང་བྱང་གནམ་རུ་མཚོ་ལྔ་སོགས་ནས་གདན་ཞུས་ཀྱིས་གདུལ་བྱ་གང་ལ་གང་འདུལ་གྱི་འགྲོ་དོན། རེ་སྐོང་རྣམས་ཟིན་ནས། ཟླ་བ་བཅུ་པ་ཙམ་ལ་གནས་འདིར་ཕེབས་ཀྱི་ཚོགས་ཕེབས་མཛད། ཤིང་ཁྱི་ལོ་མ་ལགས་ནས་སྔོན་དུ་དྲུང་རམས་པ་སང་གཞོན་གནས་སློབ་ཏུ་བསྟེན་གནང་དང༌། འབྱུང་འདུལ་བསྙེན་མཚམས་དང༌། དེ་ནས་གཏོར་བསྔོ་བསྐང་གསར་སྟེང་དམག་བེག་སྦྱར་བ་བཅས་རྟག་པར་གནང༌། བྱང་གཏེར་ཐུགས་སྒྲུབ་བསྟན་སྲུང་ཡོངས་རྫོགས་མཆོད་ཕྲིན་གསོལ་འདེབས་ལེ་བདུན་བཅས་བདག་ཆེན་མངྒའི་མཚན་ཅན་གྱི་