R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༢༥
[A:༧༢༥]ཕྱག་ལེན་ལྟར་གདངས་དབྱངས་རོལ་མོ་སོགས་དང་བཅས་ཚེས་བཅུའི་མཆོད་པ་མང་དུ་ཡབ་རྗེ་མཆོག་དང་ལྷན་དུ་རྟག་པར་གནང་སྐབས་ཙམ་ལ། རྗེ་བཙུན་པདྨ་འཕྲིན་ལས་འཁྲུངས་པ་མཚན་ཡང་རྡོར་བྲག་རིག་འཛིན་སོགས་ཀྱི་མཚན་ཟུར་ཡིན་ལུགས་གསུངས། ཤིང་ཕག་ལོ་ནང་ཆོས་སྡེ་ལྷོ་བྱང་མདར་གྲང་ཆེན་པ་ཟུར་སྦུག། རི་ཁུད། ཀ་བཞི་དགོན། ལྷ་འབྲི་བ་སོགས་ཆོས་ཞུ་བ་མང་བར་ལམ་འབྲས་བསྩལ་བར། ཆོས་ཀྱི་རྣམ་གྲངས་རྣམས་ཕལ་ཆེར་སྔོན་མ་དང་འདྲ་བར་བསྩལ། གྲང་ཆེན་པ་རྣམས་ནས་ཞུས་ངོར་རྭ་ལུགས་འཇིགས་བྱེད་བཅུ་གསུམ་མ་དང༌། རྟ་མགྲིན་ཡང་གསང་གི་དབང་ཆེན་སོགས་འགའ་རེ་ཕར་བསྩལ་ཞིང༌། ཁོ་བོས་ཀྱང་སྨིན་བྱེད་ཀྱི་ཐོག་མ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་འདི་དུས་ཐོབ་པར་ཅུང་ཟད་དྲན་ཚོར་འདུག སྨད་ལས་ཀྱང་གནང་སོང་བ་ཐོབ། མེ་བྱིའི་དབྱར་ནང་སོ་འདི་བཞིན་ཟངས་ཁང་ཞེས་པ་གཞུང་ནང་ཞིག་ཡིན་འདུག་རྩེ་ཤོད་དུ་སྙན་སེང་མཛད་དེ། དགུན་བཞུགས་གནང་སར་ཨར་ལས་མཛད་དེ་བཞུགས་ཐབས་ཕེབས་པར། ཐོག་སྤང་དམན་ཞིང་ཐོག་པ་སྲབ་ཡ་སྙོགས་ཞལ་ལས་མེད་པར། དེང་སང་བྱས་ན་ཐེབ་ཆག་ཞིག་ཡིན་འདུག་པར་དགུན་བཞུགས་གནང་ཞིང༌། འདི་ལོ་ཟླ་བ་བརྒྱད་པའི་ནང་གདུང་སྲས་ངག་དབང་ལྷུན་གྲུབ་རྒྱལ་མཚན་འཁྲུངས་ཤིང༌། བདེ་སྐྱིད་དངོས་གྲུབ་དཔལ་འབར་གྱི་སྐྱེ་སྤྲུལ་ཡིན་གསུངས་པ་ལས་རྒྱུ་མཚན་གང་ཡོད་ནི་ཤེས་ཚོར་མ་བྱུང༌།