R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༣༠
[A:༧༣༠]འཆམ་གཟིགས་སོགས་གནང༌། འདི་ལོ་ཕུར་སྒྲུབ་སློབ་དཔོན་གཡུལ་ཐང་འོང་སྤུང་ལ་དར་འཛུགས་དང༌། ལོ་དུས་ཀྱི་དུས་མདོས་འགྱངས་ནས་དེ་ཚབ་ཕྱད་བྱང་དུ་དམར་ཆེན་གཏོར་བཟློག་སྒྲུབ་ཞག་དང༌། བྱང་པ་ཚོགས་ཕྱེད་ཀྱི་ཚོགས་ཆེན་དུ་དཔལ་མགོན་ཞལ་གྱི་གཏོར་བཟློག་རྒྱུན་བཞིན། ཉེར་དགུའི་ཉིན་མོར་དམར་ཆེན་གཏོར་བཟློག་གཞི་ཐོག་ནང་བཞུགས་འཆམ་མགོན་སོགས་དང་བཅས་ཕལ་ཆེར་དུས་མདོས་བཞིན་དང༌། མཚན་མོ་དཔལ་མགོན་ཞལ་གྱི་ཟོར་འཕེན་བཅས་རྒྱུན་བཞིན། གནམ་གང་ལ་གཏང་རག་བསྐང་གསོ་བརྒྱ་ཚར་དང༌། རྒྱལ་ཟླའི་ཚེས་གཅིག་ལ་གཞི་ཐོག་རྩེར་ལྷ་བསངས་རྒྱས་པ་དང༌། ལོ་གསར་བཞུགས་གྲལ་རྒྱུན་བཞིན། དེ་ནས་རྒྱལ་ཟླའི་མཇུག་མདོས་ཟབ་འཆམ་རྒྱུགས། ཆོག་སྒྲིགས། གཉེན་ཆས། གྲོང་ཆས། ཟོར་འཕེན་གནམ་གང་ལ་བསྐང་བ་བརྒྱ་ཚར། རྒྱལ་པོ་ལོ་གསར་བཞུགས་གྲལ་ཆེན་མོ་སོགས་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱི་ཕྱག་དེབ་དང༌། ཕལ་ཆེར་ཆུ་ཡོས་ལོ་སྐྱབས་མཆོད་རྡོ་རྗེ་རིན་ཆེན་སྐུ་མཆེད་གསུམ་ཁྲི་ཕེབས་ཀྱི་ལམ་ལྟར་མཛད། འདི་སྐབས་སྔོན་ལམ་ལ་སྐུ་མཆེད་གཉིས་གསུམ་ཕེབས་ལམ་ལྟར་དུས་ཕྱིས་ས་གཞུང་མཁོས་ཞན་ལ་བརྟེན་སྐུ་ངོ་ལྔ་དུས་གཅིག་ཏུ་ཁྲི་ཕེབས་ཞུས་ཆོག་པ་ཞེས་རྒྱལ་ཁབ་ཏུ་སྙན་སེང་ཕུལ་དོན། ཤིང་སྤྲེལ་ཧོར་ཟླ་དང་པོའི་གཟའ་ཚེས་དགེ་བར་སྔར་ལམ་བཞིན་ས་ཚོགས་སུ། གཞིས་བྱེས་ཀྱི་དགེ་འདུན་བརྒྱ་ཕྲག་ལྔ་ཙམ་ལོང་བ་འདུས་ཟིན་ནས་ཚོགས་ཚར་བ་དང༌། ལྷོ་བྱང་ཆོས་ཁྲིམས་པ་རྒན་གཞོན་གཙོ་ཐབ་པ་སོགས་ཐིལ་