R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༣༦
[A:༧༣༦]གཞས་པའི་ཕེབས་བསུ་དང་བཅས་ཤར་སྒོ་ནས་རིམ་ཕེབས་ཀྱིས་གཞི་ཐོག་བསྐོར་ཏེ་མདུན་སྐས་བརྒྱུད་དེ་ནས་ཚོམས་དམར་དུ་རྒྱན་འགྲེམ་དཀར་སྤྲོ་བཅས་ཡོད་པར་ཕེབས་ཏེ། བླ་ཆེན་འཕགས་པ་རིན་པོ་ཆེའི་ཆོས་སྲིད་ཟུང་འབྲེལ་གྱི་བཞུགས་ཁྲི་པདྨ་ཅན་དུ་གྲགས་པར་ཡབ་རྗེ་རྡོ་རྗེ་འཆང་ངག་དབང་འཇིགས་མེད་དབང་རྒྱལ་རྡོ་རྗེ་འཆང་ཀུན་དགའ་སྙིང་པོ་ཉིད་མངའ་གསོལ་ཏེ། ས་གཞུང་དང་གང་གི་སྐུ་མཆེད་གཅུང་པོ། གདུང་སྲས་རྣམས་དང༌། རྗེ་བཙུན་ཡུམ། མཁན་མཛོད་གཉེར་གསུམ། ལྷོ་བྱང་ལས་ཚན་དྲུང་རིགས་གཏོར་ཟན་བཅས་ནས་སྔར་ལམ་མཇལ་དར་ཕུལ་ཏེ། དཔལ་ལྡན་ས་སྐྱ་པའི་ལུགས་གཉིས་ཀྱི་འཕྲིན་ལས་དབྱར་མཚོ་ལྟར་དཔལ་ཡོན་ཕུན་སུམ་ཚོགས་པ། ཐམས་ཅད་དུས་གཅིག་ཏུ་འགྲིག་པར་གྱུར་ཏོ། །དེ་ནས་གསེར་ཕྲར་ཕེབས་ནས་མཁན་ཆེན་བཀྲ་ཤིས་ཆོས་འཕེལ་ནས་སྐུ་སྒེར་དུའང་སྐུ་ངོ་ཚང་མར་མགུལ་དར་སོགས་ཟབ་རྒྱས་གསུང་བཤད་བཅས་བསྟབས་པར་མཛད་སོང་བ་གཡང་རྩེ་ཁ་ཡི་ཡར་སྒྲོན་གྱུར། འདི་སྐབས་ཡབ་རྗེ་རྡོ་རྗེ་འཆང་སྐུ་མཆེད་ལྷ་ཆེན་མཁན་པོ་ཁྲི་གདན་ཟུར། མདོས་ཟབ་བསྐོར་རྣམས་དེ་སྐབས་ཀྱི་བན་ཚང་དབུ་བྱེད་ཆེ་བ་ཆོས་བཟང་ལགས་བཅས་ནས་སྔོན་གྱི་དེབ་ཁག་དང༌། ཆུ་ཡོས་སོགས་ཀྱི་ལམ་རྣམས་གོ་བསྡུར་གྱིས་བསྒྲིག་གནང་མཛད་ཅིང༌། སྔོན་ལམ་རྣམ་ཐར་རྣམས་སུ་གྲོལ་ཉིན་ཕྱག་མཛོད་ནས། ལྷ་ཁང་ཁག་ལ་མཆོད་ཚོགས་རྒྱ་ཆེ། མགོན་ཁང་རྣམས་ལ་སྤྱན་གཟིགས་འབུལ་མཚོན་རྣམས་ཁྲོ་ཁང་ཐོག་ནས་དཔོན་ཡིག་པའི་བཤེར་ཏེ་