R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༣༧
[A:༧༣༧]གཏོང་དགོས་པ་དང༌། གཉེར་ཚང་ནས་ཚོགས་པ་དང་མངའ་ཞབས། དབུལ་ཕོངས་བཅས་པར་འབྲུ་འགྱེད། དེ་སྔ་གཉེར་དཔོན་དགེ་ཡར་སྐབས་ཀྱང་འབྲུ་འགྱེད་བརྒྱབ་སྟེ་འབོར་ལྷག་བསྡུ་སྐད་དུ་གྲགས་པ་སོགས་བྱུང་ཡང༌། དེ་སྐབས་ངེད་རང་ན་ཚོད་ཕྲ་བས་མ་ཤེས་པ་ཡིན་ནམ་མཐོང་ཐོས་ཤེས་ཚོར་ནི་མ་བྱུང་ཞིང༌། འདི་སྐབས་གཞི་མ་གྲ་སྒྲིག་ལེགས་ཀྱང༌། བླ་ཁག་ཕུན་ཕོ་ཁོངས་གཏོགས་བཅས་ནས་ཞབས་བརྟན་ཁྲི་འབུལ་རྩ་ཆད་དུ་བཞག་པ། གཞན་གང་ཡིན་ཡང་ཁོང་རང་ཕྱོགས་ཀྱི་མཛད་ཆེན་ཁྲི་ཕེབས་གནང་མཁན་སོགས་ལའང་གཏམ་དོན་གང་ཅིར་མ་བཏུབ་ཙམ་ཞིག་བྱུང་ངོ༌། །དེའི་སང་ནས་དགའ་སྟོན་གྱི་རིམ་པ་སྔར་ལམ་བཞིན་དྲུང་འཁོར་ཀོང་གཞས། ཁྲིས་བྲག་དང་ཉེ་འཁོར་མཚོ་བཞི་ནས། སྤ་སྐོང་དང༌། རྒྱ་བཟའ་ཤབ་དམིགས་ཟུང་དང༌། རྩེ་གདོང་པ། དཔལ་རྩེ་བ། གཞུང་པ། ལ་ལྷོ། འབྲོག་ཁག་གསུམ་རྣམས་ནས་གཞས་ཆེན་ཉིན་ཟུང་རེ། དྲུག་ཅུ་ཐིལ་བའི་སྤ་སྐོང་ཉིན་ཟུང་དང༌། ཆ་ཞབས། ཁམས་དྲུང་ཉིན་གཉིས་བཅས་ཟླ་བ་གཉིས་པའི་ཚེས་འགོ་བར་ཙམ་འགོར། གོང་ཚེས་རྣམས་ལ་དུས་མདོས་ཁྲི་ཕེབས་ཀྱི་གཏང་རག་རྣམས་ཀྱང་གནང་ཞིང༌། སྔོན་ལམ་ལ་རུ་མཚོན་གསར་པ་རེ་འཛུགས་གནང་ཡོད་ཚུལ་འདི་སྐབས་མགོན་ཁང་རྣམས་སུ་སྟག་གཟིག་ལྤགས་རིགས་གོ་མཚོན་སོགས་སྣ་རེ་གསར་སྦྱོར་དང༌། སྐྱེད་ལྷས་སུ་ཕྱག་མཚན་ཐོད་ཕྲེང་དང༌། བསམ་བརླིང་དུ་བྱ་མོ་ནག་མོ་སོགས་འབུལ་སྦྱོར་མཛད། འདི་ལོར་འཆམ་གཟིགས་