R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༣༨
[A:༧༣༨]གྲོལ་མཚམས་སུ་ཁུ་བོ་རིན་པོ་ཆེ་རྟ་ནག་སྒྲོལ་མ་ཕུག་ཏུ་ཆིབས་སྒྱུར་དང༌། འདི་ལོར་ཁྲི་ཕེབས་ཀྱི་མཇུག་སྔར་ལམ་རིལ་སྒྲུབ། ལྷ་མཆོད་ཕུར་སྒྲུབ་བཅས་ཟབ་མ་གནང་བར། ཡབ་རྗེ་རྡོ་རྗེ་འཆང་ཉིད་རིལ་སྒྲུབ་སློབ་དཔོན་དང༌། དེ་གྲོལ་ནས་སྣྲོན་ཟླའི་ཚེས་འགོ་གཟའ་ཚེས་དགེ་བ་ནས་བཟུང་། ངོས་རང་། སྲིང་མོ་པདྨ་འཕྲིན་ལས་ཟུང་དང༌། ཆོས་སྡེ་ལྷོ་བྱང་སྒྲིགས་གཞོན་གྲས་དང༌། ཆོས་ལྷུན་པ། གློལ་སྨོན་ཐང་པ། མདོ་སྨད་ཟུར་སྦུག ལྷ་འབྲི་རི་ཁུད། སི་རོང་ཀ་བཞི་དགོན་པ་རྣམས་ཀྱི་གྲྭ་རྒྱུན་དང༌། ཁམས་ཞབས་ཐང་བླ་མ་བཅས་ལྔ་བཅུ་སྐོར་ལ། འཕགས་ཡུལ་གྲུབ་ཐོབ་ཀུན་གྱི་གཙོ་བོ་རྣལ་འབྱོར་དབང་ཕྱུག་དཔལ་ལྡན་བིརྺ་པའི་བཞེད་གཞུང་བོད་ཡུལ་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱི་ཉམས་བཞེས་ཀྱི་གཙོ་བོ་གསུང་ངག་རིན་པོ་ཆེ་འདི་ལ་ཚོགས་སློབ་གཉིས་སུ་བཞེད་པ་ལས་ཚོགས་བཤད་ལན་བཞི་པའི་སྔོན་འགྲོ་སྣང་གསུམ་ཁྲིད་ཀྱི་བླ་མ་བརྒྱུད་པ་ཕལ་ཆེ་བའི་རྣམ་ཐར་གྱི་ལུང་དང༌། དེ་ནས་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་སློབ་མ་རྗེས་འཛིན་བཅས། ལྷ་ཆེན་ཕུར་ཁང་དུ་གོས་སྐུ་དང༌། ལམ་འབྲས་བླ་བརྒྱུད་གོས་ཡོལ་ཆེན་མོར་གྲགས་པ་སོགས་ཞལ་ཕྱེ་དང་འབྲེལ། སྣ་ལྔའི་མཆོད་ཚོགས་བརྒྱ་ཕྲག་བརྒལ་བ་དང་བཅས་པའི་དྲུང་དུ་བསྩལ་ཞིང༌། དེ་ནས་སློབ་མ་རྣམས་ལ་བསགས་སྦྱང་གི་དམིགས་རིམ་རྣམས་འབོག་གནང་མཛད་དེ། དེའི་སང་ནས་བཟུང་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་ལྗགས་བསྙེན་ཁ་གསོར་བཞུགས་སྐབས། ངོས་ཅག་སློབ་མ་