R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༣༩
[A:༧༣༩]རྣམས་སྐྱབས་སེམས་ཡིག་བརྒྱ། མཎྜལ་རྣམས་ཐུན་བཞིར་བཅད་དེ་གང་ཡོང་བགྱི་བར་ངོས་དང་སྲིང་མོ་སོགས། རྗེ་བཙུན་གོང་མའི་སྒྲུབ་གནས་བྱས་འགྱུར་ཏུ་ཕྱིན་ཏེ་གང་ཡོང་བགྱི་ཁུལ་བྱས། དེ་ནས་སྔགས་ལམ་གྱི་ཐོག་མར་རྒྱུ་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཕྱག་ཆ་མཆོད་ཆས་ཟབ་མ་བཅས་ཐོབ། དེའི་སང་ནས་བཟུང་རྒྱུད་གསུམ་སྔོན་འགྲོ་རྣམས་དང༌། དངོས་གཞི་ལྟ་ཁྲིད་སྐབས་དམ་ཚིག་རྣམ་བཤད་ཕྱི་བསྐྱེད་རིམ་སྐབས་རྣམ་བཤད་གསང་ཆེན་བསྟན་པའི་འོད་ཕྲེང་སྟེང་ནས་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པར་མཛད། དེ་ནས་རྡོ་རྗེ་སློབ་དཔོན་རྡོ་རྗེ་སྐུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པ་ནས་བཟུང༌། ལམ་དུས་ཐུན་གཉིས་རེ་ཆག་མེད་བགྱིས་པ་དང༌། ནང་དཀྱིལ་ལ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པ་རྣམ་བཤད་ཀྱི་སྟེང་ནས། གསང་དབང་འགོར་བདག་མེད་མའི་བྱིན་རླབས་འདུས་པ་ཐོག་མཐའ་བར་གསུམ་གྱི་ཉམས་ཁྲིད་བཅས་གོང་འོག་ཚང་མ་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱི་ཡིག་ཆའི་སྟེང་ནས་བསྩལ། ཡང་ཡིག་སྟེང་གོང་འདྲ་ནས། ལམ་ཟབ་ཕྱི་ནང༌། རྣམ་འཇོམས་བིར་ལུགས། རྟེན་འབྲེལ་སྲུང་བ་རྣམས་ཀྱི་བྱིན་རླབས། སྒྲུབ་པ་ལུང་སྦྱིན་གསང་བཅུའི་རྒྱས་བཏབ་བཅས་བསྩལ། གཞན་ཡང་སྣང་གསུམ་སྐབས་སོགས་ལ་རྗེས་གནང་ཟུར་བཀའ་སྒྲུབ་ཐབས་བརྒྱ་རྩ་ཡོངས་རྫོགས་དང༌། ཇོ་ལུགས་སྒྲོལ་མ་ཉེར་གཅིག ཟུར་བཀའ་འཇམ་དབྱངས་དམར་སེར། འཇམ་དབྱངས་སྨྲ་སེང༌། འཇམ་དཀར། རྟ་མགྲིན་ལྕགས་རལ། གུར་དྲག་རྟ་ཕྱག་ཁྱུང་གསུམ།