R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༤༡
[A:༧༤༡]པའི་ཉེར་གསུམ་ནས་ངོས་རང་ཀྱཻ་རྡོ་རྗེ་གཞི་བསྙེན་ལ་སྡོད་རྒྱུར་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་ཀྱང་ཕེབས་ཏེ། སྔོན་འགྲོ་གཏོར་མ་བགེགས་སྐྲོད་སོགས་བསྩལ་ཏེ་གང་ཅིར་སྤང་བླང་བགྱིད་དགོས་རྣམས་བཀའ་བཀོད་ལྷུག་པར་སྩོལ། ཟླ་བ་དགུ་པའི་ནང་ཡབ་རྗེ་མཆོག་སོགས་ཞུགས་ཐབས་གཞི་ཐོག་ཏུ་ཕེབས། དུས་མདོས་སློབ་དཔོན་ཡང་གནང་ཞིང༌། ཤིང་བྱ་ཟླ་བ་དང་པོའི་ཚེས་བཅུ་དགུ་ལ་གཅུང་པོ་གདུང་སྲས་འཇམ་དབྱངས་བཟང་པོ་དེ་ཉིད་སྐུ་བལྟམས། འདི་སྐབས་པཎ་ཆེན་བསྟན་པའི་དབང་ཕྱུག་གི་རྣམ་འཕྲུལ་དང༌། རྗེས་ལ་བདག་ཁྲི་ཀུན་དགའ་བསོད་ནམས་ཀྱི་སྐྱེ་སྤྲུལ་རེད་ཟེར་བ་བྱུང་སོང་ཡང༌། དོན་ལ་སྐྱེས་སྦྱངས་ཀྱི་ཡོན་ཏན་ལ་བརྟགས་ན་སུའི་རྣམ་འཕྲུལ་ཡིན་བྱས་ཀྱང་ཆོག་གོ། །ཟླ་བ་གསུམ་པའི་ནང་ཞུགས་ཐབས་སྒྲོལ་ཕོར་ཕེབས། ངོས་ཀྱི་གཞི་བསྙེན་གྲོལ་ཏེ། སྔར་ལམ་མཚམས་སྟོན་སོགས་ཟབ་པར་བཀའ་དྲིན་བསྐྱངས་སོང༌། ཞག་ཤས་ནས་ཁུ་དབོན་རིན་པོ་ཆེ་ཕེབས་འགྲུལ་འཁོར་བའི་དགའ་སྟོན་དང་འབྲེལ་འཆམ་གཟིགས་བཀའ་བསྟན་གསུང་སྒྲོགས་ཞག་བདུན་སོགས་འཕར་དུ་གནང༌། སློབ་དཔོན་དབུ་ཆེ་ཆོས་བཟང་དེ་ཉིད་ནས་ཕལ་ཆེར་མཛད། འདིར་ལོ་ཕུར་སྒྲུབ་སློབ་དཔོན་མཛད་པ་ནས་བཟུང་དབུས་ཕེབས་སོགས་ཀྱི་སྐབས་མ་གཏོགས་ཕལ་ཆེར་མཛད། མེ་ཁྱི་ལོར་ངོས་རང་ལ་ལམ་འབྲས་བགྱི་དགོས་བཀའ་ཕེབས་ཀྱིས་ཁྲལ་འཇལ་ལྟ་བུ་ཐོག་མར་འཆད་སྐབས། དབང་རྗེས་གནང་ཁྲིད་སོགས་ཀྱི་ཕྱག་ལེན་བྱེད་ལུང་རྣམས་ཡབ་རྗེ་སྐུ་མཆེད་གཉིས་ཆར་ལ་ཞུས་ཤིང༌། འདི་སྐབས་བདག་གིས་གྲུབ་དབང་རཏྣ་བྷ་དྲ་