R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༤༦
[A:༧༤༦]ལའང་ཕེབས་ཤིང༌། འབུལ་མཚོན་བསྟར། གཞུང་ས་ཆེན་པོ་ནས་སྔ་བར་ཕྱི་གསུམ་གྱི་ཟུར་བཟོས་རྒྱ་དཔངས་ཆེ་འབུལ་བར་བཀའ་བློན་ཚང་མ་ངོ་ཕེབས་ཀྱིས་གསོལ་ཇའི་ཐོག་བཀའ་མོལ་ལྷུག་སྩོལ་དང་ལེགས་དར་མཚམས་ལྟབས་མ་འབུལ་བར་མཛད། དེ་ནས་གཞུང་ས་མཆོག་ནས་བསྟན་སྲིད་ཞབས་བརྟན་བསྒྲུབ་གནང་དགོས་རྒྱུའི་བཀའ་ཕེབས་བཞིན། ཨེ་ཝཾ་ཚོམས་ཆེན་དུ་རྡོ་རྗེ་ཕུར་པའི་གཏོར་བཟློག དགྲ་དམ་ཕུང་གསུམ་མནན་པ། གུར་མགོན་གཡུལ་མདོས། གདུགས་དཀར་བཟློག་མདོས་རྒྱལ་ཆེན་གཡུལ་མདོས་རྣམས་བདུན་ཕྲག་རེ་སོང་ནས་ཟོར་འཕེན་མཛད་པ་སོགས། ཟླ་བ་བཞི་ལྔ་ནང་རྗེ་བཙུན་རིག་བྱེད་སྔོན་མོའི་ཆར་འབེབས་ཐོར་རེ་དགོས་པ་བྱུང་ཞིང༌། བསྟན་གླིང་དུ་སྲིད་སྐྱོང་མཆོག་ནས་གུར་ཞལ་བསྐང་འཕྲིན་དང༌། ཕུར་བཟློག་སྲི་གནོན་སོགས་ཞུ་གནང་མཛད་ཅིང༌། གཞན་ཡང་ར་ཤག ལྷ་ཀླུ་དགའ་ཚལ། དག་གྲུམ། ཡབ་གཞིས་གླང་མདུན་པ་སོགས་ནས་ཀྱང་སྐུ་མཆེད་གཉིས་ཆར་གདན་ཞུས་ཀྱིས་ཚེ་དབང༌། བྱད་གྲོལ། གཏད་ཧྲུལ་དྲག་པོ་གསུམ་གྱི་དབང་སོགས་མཛད་ཅིང༌། འབུལ་བ་ཡང་ཟབ་པར་ཕུལ། གཞན་ཡང་གདུལ་བྱ་གང་ལ་གང་འདུལ་གྱི་འགྲོ་བ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བཀྲི་བར་མཛད་ཟིན་ནས། གཞུང་ས་མཆོག་ཏུ་དགོངས་ཞུ་དང་གནང་བརྡའི་སྙན་སེང་དང་བཅས་ཐོན་ཕྱག་ཞུ་གནང་གིས་མཇལ་སློག་དངོས་སྐྱེས་ཀྱང་ཟབ་པ་སྩོལ་ཐོག་གདན་ས་བར་གྱི་སྣེ་ཤན་དུ་རྡོ་རིང་ཞབས་སྡོད་པ་མངགས་གནང་དང༌།