R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༤༥
[A:༧༤༥]འབུལ་ཚན་རྣམ་གྲངས་སྤམ་མཐོ་བར་ཕུལ་བར་མཛད་ནས། ཁྲིར་བཞུགས་དྲུང་རང་རེའི་འདྲེན་ཆས་གཏོང་སྲོལ་གསོལ་ཇ་འབྲས་སྡེར་བཅས་དང༌། དེ་ནས་ཕྱིར་ལུང་རྟོགས་རྒྱ་མཚོའི་གསེར་གདུང་ཐད་དུ་ཁྲི་བཅས་དཀར་དམར་སྤྲོ་སོགས་ཀྱི་གསོལ་སྟོན་རྒྱ་སྤམ་ཆེ་བར་བསྩལ། དེ་ཉིན་འཕགས་པ་རིན་པོ་ཆེ་དང་གསེར་གདུང་ཁག་སོགས་ཀྱི་གནས་མཇལ་ཀྱང་མཛད་ཡོད་དམ་སྙམ། དེ་ནས་གཟའ་ཚེས་དགེ་བར་ཁྲི་མཇལ་དངོས་གཞིར། ཡབ་རྗེ་རྡོ་རྗེ་འཆང་སྐུ་མཆེད་གཉིས་ཕེབས་ཏེ། སྔོན་ལམ་མཎྜལ་སྐུ་གསུང་ཐུགས་རྟེན་ཞབས་བརྟན་རྡོ་རྗེའི་རེ་ཁ་རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་བརྒྱད་སོགས་ལ་གསུང་བཤད་དང་བཅས་འབུལ་བ་མཛད་སྲོལ་བཞིན་དང༌། རྒྱ་རྡོ་བོད་རྡོ་གོས་ཡུག་སོགས་ཀྱིས་མཚོན་པའི་ཚན་གྲངས་བཅུ་ཕྲག་འདོད་ཡོན་གྱི་གྲངས་ལྡན་འབུལ་དགོས་ཀྱང་འདི་སྐབས་ས་གཞུང་མཁོས་ཞན་པས་སྔོན་དུ་ཆག་ཞུས་ཕྱེད་ཆག་ཕྱེད་སྒྲུབ་ཞུས་འཐུས་དོན་སྨིན་བྱུང་བ་བཞིན་འབུལ་གནང་མཛད། སྲིད་སྐྱོང་ལའང་མཎྜལ་རྟེན་གསུམ་འགྱོགས་དར་ཨ་ཤེ་ཚན་གྲངས་བཅས་འབུལ་བར་མཛད་ནས། གསོལ་སྟོན་སོགས་མཇལ་ཕྱག་བཞིན་བསྩལ། དེ་ནས་བཞུགས་མཚེར་དུ་ཕེབས་ནས་བཀའ་ཤག་སོགས་ལ་འབུལ་ཚན་རྣམས་མཛོད་པས་ཕུལ་ཞིང་གོང་མ་ཆེན་མོའི་སྐུ་ཚབ་ཨམ་བན་ལྷན་རྒྱས་མདུན་སྐུ་མཆེད་གཉིས་ཆར་ཕེབས་ཏེ། ཕར་ཚུར་རྒྱ་ལུགས་ཆིང་ངར་དང༌། འབུལ་ཚན་རྣམས་བསྟབས་ཏེ། ས་ཞྭ་བཞེས་མུར་ཁྱེལ་བཞུགས་མཛད་ནས་བཀའ་མོལ་མཛད་སྐད་འདུག དེ་ནས་བསྟན་གླིང་སྲིད་སྐྱོང་སྒེར་མཇལ་སོགས་