R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༤༨
[A:༧༤༨]མཇལ་དར། བྱམས་འཐེན་ཡང་བྱེད། མི་སྡེ་རྣམས་ནས་གཞས་བསུ་སོགས་ཟབ་པར་ཞུས། དེ་ནས་པ་རྣམ་གཞིས་རྩེ་དང་ཉེ་བར་བཀྲ་ཤིས་ལྷུན་པོས་ཐབ་བསུ་ཕེབས་བསུ་བཞུགས་མཚེར་བདེ་ཤར། པཎ་ཆེན་རིན་པོ་ཆེ་མཇལ་ཕྱག་སོགས་གོང་འདྲ། དེ་ནས་ཞག་ཤས་བཞུགས་ནས། བླ་བྲང་གཞུང་ནས་ཕེབས་སྐྱེལ་བདེ་ལེགས་སུ་ཐབ་སྐྱེལ་སོགས་གོང་བཞིན་ཡར་ལམ་ངོར་ཨེ་ཝཾ་ཆོས་ལྡན་ནས་གདན་ཞུས་ཕེབས་བསུ་སེར་ཕྲེང་སོགས་ཟབ་རྒྱས་དང་བཅས། ཡབ་རྗེ་རྡོ་རྗེ་འཆང་སྐུ་མཆེད་ཟུང་དང་སྟོན་འཁོར་རྣམས་ཁང་གསར་བླ་བྲང་དུ་བཞུགས་ཤིང༌། ཡུམ་མཆོག་ནི་དགོན་པའི་ནང་ནག་ཆང་འགྲིམ་བཞུད་མི་ཆོག་པར་བརྟེན་སྔར་ལམ་བཞིན་རྒྱལ་སྒོའི་ཕྱིར་ཞིང་སྟེང་ཞིག་ཏུ་ཆ་ཐེར་ཕུབ་སྟེ་བཞུགས་སྐད་འདུག ངོར་ཆེན་རྒྱལ་བ་གཉིས་པ་དེ་བཞིན་རང་ཉིད་ཀྱི་ཐུགས་རྒྱུད་ལ་སྡོམ་གསུམ་ཕྲ་ཞིང་ཕྲ་བ་ཐུགས་ཉམས་སུ་བསྟར་ཞིང༌། སློབ་བརྒྱུད་རྣམས་ལའང་དེ་བཞིན་དགོས་པའི་བཅའ་ཡིག་སོགས་མཛད་པར་བརྟེན། དུས་སྙིགས་མ་འདི་འདྲ་ལ་ཡང་ཕྱག་རྗེས་ངོ་མཚར་ཅན་བསྟན་པའི་མིག་རྒྱན་ལ་ཕན་པ་འདི་འདྲ་ལ་ནི་ཁོ་བོས་ནི་རྗེས་སུ་ཡི་རང་ངོ༌། །དེ་ནས་འདུ་ཁང་ཆེན་མོར་ཚོགས་ཕེབས་ཀྱིས་ཚེ་དབང་དང་། བླ་བྲང་སོ་སོའི་མཁན་ཞབས་རྣམས་ལ་འདོད་ཆོས། ཁྲུས་གསོལ་རབ་གནས་བསྐང་འཕྲིན་སོགས་རེ་སྐོང་རྣམས་གྲུབ་ཟིན་ནས། སྣར་ཐང་དང་གངས་ཅན་དུ་བཞུགས་ཞག གོང་གསལ་རྣམས་སུ་འགང་ཆེ་ཁ་རེ་མ་གཏོགས་པའི་འབུལ་ཚན་ཕུལ་བ་དང༌། དད་སྦྱིན་རྣམས་ཀྱི་རེ་སྐོང་