R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༤༩
[A:༧༤༩]རྣམས་རེ་རེ་བཞིན་བཀོད་ན་ཡི་གེ་ཧ་ཅང་མང་བས་གོང་གསལ་འགའ་ཞིག་ལ་མཚོན་ཏེ་ཤེས་པར་བྱའོ། །དེ་ནས་བྲག་སྐྱེ་རགས་ཀྱི་མས་ཙམ་ཤབ་གཞིས་རྒན་བུ་བཅས་ཀྱི་ཕེབས་བསུ་མཇལ་དར། བྲག་སྐོར་ཐབ་བསུ་དགེ་སྡིང་དུ་ཕེབས་མཚམས་གཟབ་མཆོར་ཅན་གྱི་ཕོ་མོའི་གཞས་བསུ་སོགས་སྔར་བཞིན་སེར་ཕྲེང་བཅས་དེར་བཅགས་ཞག་མཛད་ནས། སྔོན་ཕེབས་བཞིན་གྱི་ཐབ་སྐྱེལ་ཕེབས་སྐྱེལ་བཅས། ཚ་གཞིས་སུ་ཞག འགོ་ཟླའི་ཚེས་བཅུ་བཞི་ལ་གར་ར་བཀྲ་ཤིས་དར་རྒྱས་སུ། ཆོས་གྲྭ་རྣམ་གཉིས་ཀྱི་མཁན་ཆེན་ཆོས་བསྟན་འཛིན། མཛོད་པ་བསམ་ལྟེ་བའི་ཆོས་དཔལ་འབྱོར། གཉེར་དཔོན་བེ་ཤར་ཀུན་དགའ་བཟང་པོ་རྒྱ་ལས་ལྷོ་བྱང་ལས་ཚན། བླ་ཁག་ལས་བྱེད། དྲུང་རིགས་སེར་སྐྱ་རྣམས་གཟབ་མཆོར་དང་བཅས་མཇལ་དར་ཕུལ་ཏེ་གར་ཕུར་བཞུགས་ཞག་ནས་འདི་གར་ཕྱིར་ལོག་བྱས། སང་ཉིན་ཚེས་བཅོ་ལྔའི་ཉིན་རྩེར་ཨ་སྤྲོ་ལ་རྩེར་ལྷ་བསངས་རྒྱས་པ། དེ་ནས་རིམ་ཕེབས་ཀྱིས་ཕྱུག་པོ་དབུ་རྩེར་དབུ་གུར་ཟབ་མ་ཐབ་བསུ་དཀར་སྤྲོ་ཇ་འབྲས་དང་ཕེབས་བསུ་བཅས་སྔར་ལམ་བཞིན་གདུང་སྲས་གཅུང་པོ་ངག་དབང་ལྷུན་གྲུབ་རྒྱལ་མཚན་ཕེབས། དེ་ནས་གཞུང་ཞིང་ཆུ་ཁ་མར་དགོན་ནུབ་འཆམ་མགོན་བརྒྱད་དང་སྒྲོལ་ཕོ་ནས་གནོད་སྦྱིན་ཆེན་པོ། རྒྱལ་པོ་སོགས་ཀྱི་ཕེབས་བསུ་མཇལ་དར་འཆམ་མགོན་རྣམས་ལ་སྙན་དར་སྒྲོན་པ་སོགས་མཆོད་ཕྲེང་བཅུ་གཅིག་གིས་མཚོན་པ་སོགས་ཟབ་རྒྱས། དེ་ཉིན་སྔ་དྲོ་གཞི་ཐོག་རྩེར་ངོས་རང་དང༌། འདིར་ཡོད་བན་ཚང་པ་བཅས་ནས་ལྷ་བསངས་རྒྱས་པ།