R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༥༥
[A:༧༥༥]ཡོང་ཚུལ་བརྗོད་པ་ཡབ་རྗེ་སྐུ་མཆེད་ནས་གཞན་དག་ལ་བཀའ་འདྲི་གནང་བས་རྒྱ་མིས་དེ་བཞིན་ཟེར་བ་ཁོ་རང་ཚོའི་ལུགས་སྲོལ་རེད། སླར་ཡང་ཨམ་བན་ཆེན་པོ་ཚུར་ཆིབས་བསྒྱུར་སྐུ་ལས་ཆེ་བས་ངོས་མཆེད་ཕར་ཞབས་བཅར་ཞུས་ཆོག་པ་ཞེས། ཝང་ཞུ་མཛད་པར་སྔོན་ཞུས་བཞིན་ས་སྐྱ་བླ་མ་ཞེས་པ་གནམ་བསྐོས་གོང་མ་ཆེན་མོའི་མཆོད་ཡོན་སྙིང་ཁུང་མཚན་ཆེ་བ་ཞིག་ཡིན་སྣང་བས་ངོས་ཕ་གར་སང་ཉིན་སླེབས་ཡོང་བརྗོད་པར་བརྟེན། རྐུབ་ཁྲིའུ་དང༌། དྲལ་བན་དྲལ་སྐྱགས་སོགས་མང་དུ་གྲ་འགྲིགས་ཨང་གསར་མཛད་དེ། སླེབ་རང་མི་ཡོང་ངམ་གསུངས་མུར། ཨམ་བན་རང་དང༌། རྒྱ་མི་དཔོན་ཁག་གཡོག་འཁོར་སོགས་མང་དུ་ཡོང་བར། ཨོ་རྡོར་གྱི་ཁང་པ་དེ་བཞིན་མུན་སྲང་དང༌། སྐས་བརྩེགས་ཐང་པོ་རང་མེད་པ་ཤ་སྟག་ཡོད་ཚོད་འདུག་པར། གཞུང་སྣེ་ཤན་དང་ཨོ་དྲུང་སོགས་རྒྱུགས་ཏེ་ཐམས་ཅད་ཀྱི་ལག་དུ་མེ་སྒྲོན་འཁྱེར་བས། སྟེང་དུ་ཐོགས་མེད་དུ་འོང་སྟེ། རྒྱ་ལུགས་ཕྱག་འཚལ་སོགས་ཞུས། ཨམ་བན་རང་དང༌། དཔོན་ཁག་ཁ་ཤས་རྐུབ་བཀྱག་བྱས་ཏེ་བསྡད། ཡབ་རྗེ་རྡོ་རྗེ་འཆང་སྐུ་མཆེད་ཀྱང་ཁྱེལ་བཞུགས་དང༌། ས་ཞྭ་བཞེས་ཏེ་བཞུགས་ཐོག ཁོ་བོར་ཡག་པོ་བལྟས་ཏེ། བླ་མ་གང་འདྲ་ཡིན། དགོན་པ་དང༌། ཆོས་ལུགས་སོགས་གང་ཡིན་སོགས་ཞིབ་དྲིས་ཀྱི་ལན་རྣམས་གསུངས་པས་ཐལ་མོ་ཡ་གཅིག་སློངས་ཏེ། དེ་ལྟར་ན་བླ་མ་རྙིང་མ་ཞིག་ཡིན་པ་རེད་ཟེར་ཞིང་དལ་བར་སྡོད། འབུལ་མཚོན་ཀྱང་ཆེ་བ་ཕུལ། ཕར་གནང་སྐྱེས་དངོས་པོ་སོགས་བསྩལ་ཀྱང་མ་ཞུས་པ། དབུ་