R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༥༦
[A:༧༥༦]ནན་གྱིས་འབུལ་གནང་མཛད། བྱིན་རྟེན་བདུད་རྩི་རིལ་བུ་ཁྲི་རྡོ་བརྒྱ་སྟོང་དབུ་ལྗོན་ན་བཟའ་སོགས་དགོས་ཚུལ་ནན་ཞུས་ཀྱིས་བསྩལ་བར་དགྱེས་དགྱེས་བྱེད་ཅིང༌། ཕྱིར་ལོག་ཡོད་ཚོད་འདུག ཨམ་བན་འདི་བཞིན་དབང་ཤུགས་ཤིན་ཏུ་བཙན་པས་ཚང་མར་ཉེས་འགེལ་མང་ཞིང་བཀྲས་ལྷུན་ལ་ཡང་ཁྲི་ཕེབས་གོ་སྒྲིགས་ཨང་གསར་ལ། ངོས་འདི་ལོ་གྲོ་མོ་དམག་འཇུག་ལས་དོན་བྱེད་དགོས་ཁྲི་ཕེབས་མི་ཡོང་ཚུལ་བརྗོད་པ། འདི་ལོ་སྲིད་སྐྱོང་གཙང་ཕེབས་གྲ་སྒྲིགས་ཚང་མ་ཚར་བས་ཞུས་ཆོག་པ། ཞེས་དངུལ་ཊམ་རྡོ་བརྒྱ་ཙམ་སྐྱེལ་དགོས་བྱུང་ལུགས་བརྗོད་པ་དང༌། འགའ་རེ་ནས་ས་སྐྱ་པ་ལ་ཡང༌། ཉེས་པ་བཀལ་རྐྱེན། མི་ཤེས་པ་བྱུང་བས་ཨམ་བན་རང་ཕྱིར་སློག་ཏུ་ཕྱིན་པ་སོགས་གཏམ་འཆལ་དུ་མ་གླེང་ཚོད་འདུག དེ་ནས་ཁྲི་ཕེབས་དངོས་གཞི་སོགས་ལ་ཕེབས། འཕྲོས་མི་གནང་གཞུང་བླ་བྲང་གི་གསོལ་སྟོན་སོགས་ལ་གདན་ཞུས་ཀྱིས་གནམ་བསྐོས་གོང་མ་ཆེན་མོའི་སྐུ་ཚབ་ཨམ་བན་མ་སླེབས་པར་སྔར་ལམ་པཎ་ཆེན་རིན་པོ་ཆེ་དང༌། བོད་ཀྱི་སྲིད་སྐྱོང་དེ་མོ་གཉིས་ཆར་བཞུགས་ཁྲིར་ཕེབས་མི་ཆོག་པ་གཤམ་དུ་ཁྲི་ཤིང་ལ་ཁྱེལ་བཞུགས་མཛད་ནས། སྒུག་སྡོད་གནང་དགོས་ཡོད་འདུག་པ་ལྟར། ཨུམ་རིང་མཛད་དགོས་བྱུང་བ་གང་འཚམ་ཞིག་ལ་ཁོ་སླེབས། ཕྱོགས་གང་ལ་ཡང་བལྟས་ཏེ། ཡབ་རྗེ་རྡོ་རྗེ་འཆང་སྐུ་མཆེད་མཐོང་མ་ཐག་མི་མང་དབུས་ནས་ཚུར་ཡོང་སྟེ། རྒྱ་ལུགས་ཆིང་ངར་སོགས་དང་མཇལ་དར་ཕུལ་བས་དེར་ཡོད་སྐྱ་སེར་ཚང་མས་བླ་མ་ས་སྐྱ་པ་འདི་གཞན་འགྲན་མ་མཆིས་པ་རེད་