R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༥༧
[A:༧༥༧]ཅེས་ཀུན་ངོ་མཚར་དུ་གྱུར་སྐད། གསོལ་སྟོན་གྲོལ་ནས་ཨམ་བན་ནས་དྲུང་ཡིག་ཀུན་བྱང་མགོན་པོ་ལ་རིམ་བཞིའི་གོ་གནས་ཏོག་སྒྲོམ། རྩེ་ཕྱག་ཞབས་ཤར་ཚེ་བཀྲས་ལ་རིམ་ལྔའི་གོ་གནས་ཏོག་སྒྲོམ་སོགས་སྤྲད། རྒྱ་ལུགས་དང་མཐུན་པའི་ཐུགས་རྗེ་ཆེ་ཞུས་སོགས་བསྩལ་ཞིང༌། གཞན་ཡང་འདི་སྐབས་བཞུགས་མཚེར་དུ་གཞུང་བླ་བྲང་གི་སྐུ་དྲག་དང༌། དབུས་གཙང་བྱང་འབྲོག་པ་ཁམས་སོགས་ཀྱི་མི་ཕལ་ཆེར་འདུས་པ་སོགས། མཇལ་ཁ་ཞུ་མཁན་ཤིན་ཏུ་མང་བ་ཟམ་མ་ཆད་པ་སྔ་དགོང་ཐུགས་དམ་ཉམས་བཞེས་གསོལ་ཚིགས་སོགས་ཀྱི་རིང་ཁྱུག་ཙམ་ལས། གཞན་བཞུགས་ལོང་ཡེ་ནས་མེད་པ་གདུལ་བྱ་རྣམས་གང་ལ་གང་འདུལ་གྱི་ཐུགས་དམ་བརྟག་པ། བཀའ་བསྒོ། བྱབ་ཁྲུས། ཚེ་དབང༌། ཆོས་འབྲེལ། གསུང་བསྔོ༌། སྦྱང་ཆོག སྦྱིན་སྲེག བགེགས་སྤྲོད་སོགས་གང་དགོས་ཀྱི་རེ་བ་བསྐངས་གྲུབ་ནས། ཀུན་གཟིགས་རིན་པོ་ཆེར་ཐོན་ཕྱག་ཞུ་གནང་གིས་སློག་སོགས་ཟབ་པར་ཕུལ། སྲིད་སྐྱོང་མཆོག་ནས་ཡབ་རྗེ་རྡོ་རྗེ་འཆང་སྐུ་མཆེད་གཉིས་ཆར་གསོལ་ཚིགས་ནང་མར་གདན་ཞུས་ཀྱིས་ལྷོད་བཞུགས་ཐོག བསྟན་སྲིད་སྐོར་གྱི་བཀའ་མོལ་མང་བར་བྱུང་ཚོད་ཀྱང་ཞིབ་པར་མ་ངེས། ཐོན་ཕྱག་སོགས་ཞུ་གནང་མཛད་པ་སློག་སོགས་ཀྱང་ཟབ་པར་བསྩལ། དེ་ནས་རིང་མིན་གཞིས་རྩེ་ནས་ཕེབས་སྐྱེལ་ཐབ་སྐྱེལ་སོགས་སྔར་བཞིན་གྱིས། སྣར་ཐང་སོགས་ལ་བླ་བྲང་སྐུ་ཚབ་ཆེད་མངགས་ཀྱིས་སྔོན་འགྲོ་མགོན་ཆོས་རྒྱལ་འཕགས་པས་གནས་བརྟན་བཅུ་དྲུག་གདན་དྲངས་པ་དངོས་སུ་ཕེབས་ཏེ་ཕྱག་མཆོད་མཛད་སྐབས་