R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༥༩
[A:༧༥༩]བ་ཚོན་རྩི་བཅས་ཕལ་ཆེར་གྲུབ་ཟིན་ཏེ། ཡབ་རྗེ་རྡོ་རྗེ་འཆང་སྐུ་མཆེད་ནས་རྡོ་རྗེ་ཕུར་པའི་སྒོ་ནས་རབ་གནས་རྒྱས་པ་ཞི་རྒྱས་ཀྱི་སྦྱིན་སྲེག་རབ་སྟོན་སོགས་རྒྱས་པར་གནང་སྟེ། དགའ་སྟོན་དུ་ས་སྐྱ་ལྷ་མོ་བ་དང་སྐྱོར་མོ་ལུང་པ་སོགས་ནས་ཆོས་རྒྱལ་དྲི་མེད་ཀུན་ལྡན། འགྲོ་བ་བཟང་མོ། པདྨ་འོད་འབར་སོགས་འཁྲབ་སྐྱོར་མོ་ལུང་པ་ཨ་ཕྱོགས་དྭངས་སེང་ཞེས་པ་སོགས་འཁྲབ་ཚུལ་གླུ་གདངས། སྐྱེད་བསྒྱུར་སོགས་ཧ་ཅང་དོད་པས་ལྟད་མོ་ཆེན་མོ་བྱུང་ཚུལ་ཀྱང་གླེང། ལོ་ཕྱི་ནང་འདི་རྣམས་སུ་སོག་པོ་ཐོ་རྒོད་དཔོན་མོ་སོགས། དད་སྦྱིན་མང་པོའི་མཇལ་ཁ་དབང་ཆོས་སོགས་འགའ་རེ་ཞུས་ཚོད་བཅས། གསེར་དངུལ་བཟང་གོས་འབུལ་སྤམ་ཚན་ཆེ་བར་ཕུལ། ཆུ་སྦྲུལ་དབྱར་གཙང་མདའ་ཁར་ཚོ་བའི་བུ་རྒྱལ་པོ་སྲོག་རླུང་ལྟ་བུས་སྨྱོ་བར་ཡབ་རྗེ་སྐུ་མཆེད་གཉིས་ཆར་ནས། བྱད་གྲོལ། རྟ་མགྲིན་གྱི་དབང་སོགས་མཛད་པས་ནད་ལས་གྲོལ་བར་བྱུང་འདུག འདི་ལོ་ངོས་རང་འགྲུལ་ནས་འཁོར་བར་ཐབ་བསུ་འཚམས་དར། རྟ་བསུ་སེར་ཕྲེང་སོགས་ཟབ་རྒྱས་བསྩལ་ཏེ་སྒྲོལ་ཕོར་སླེབ་གདོང་ཡབ་རྗེ་སྐུ་མཆེད་མ་ཡུམ་བཅས་པར་ཕྱག་དང་མཇལ་དར་ཕུལ་ཏེ་གཞིས་བྱེས་སྐོར་གྱི་བཀའ་ཕེབས་ཀྱང་ལྷུག་པར་བསྩལ། དེ་ལོ་དགུན་བཞུགས་གཞི་ཐོག་ཏུ་མཛད། སོག་པོ་བླ་གྲྭ་འགའ་ཞིག་ལ་དཔལ་ས་སྐྱའི་གསེར་ཆོས་མཁའ་སྤྱོད་སྐོར་གསུམ་གྱི་ཆོས་སྐོར་སོགས་བསྩལ་སོང་བ་དང༌། ཤིང་རྟ་དབྱར་སྒྲོལ་ཕོར་བཞུགས། ས་ག་ཟླ་བར་རིལ་སྒྲུབ་ཀྱི་སློབ་དཔོན་དང༌། ལྷ་མཆོད་སོགས་ལ་ཕེབས་མུར། ཁུ་བོ་རིན་