R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༦༢
[A:༧༦༢]ལས་སྐྲུན་པ་བཟོ་ཁྱད་ངོ་མཚར་ཅན་འདི་ཉིད་ཀྱི་ནང་ཞུགས་སུ་ཐིལ་གཡབ་རྟེན་གྲས་འཇམ་མགོན་ཨ་མེས་ཞབས་ཀྱི་སྨན་སྐུ་ངོ་མཚར་ཅན་རྒྱུན་དུ་ཞལ་མདངས་སྣ་ཚོགས་སྟོན་པ་དེ་ཉིད་གཙོ་བོར་བཞུགས། དམ་པ་དེ་ཉིད་ཀྱི་གདུང་འདམ་ལས་སྤར་བའི་རྩ་གསུམ་སྣང་བརྙན་སྤྱི་དང༌། གསེར་ཆོས་དབང་ལྷ་སྐུ་གསུམ་གྱི་སྣང་བརྙན་ཤིན་ཏུ་མང་བ་བཞུགས་པ་དང༌། ཕྱིར་གཙུག་ལག་ཁང་རང་གི་མཐོང་ཡངས་རྣམས་ཀྱི་ཚོན་རྩི་ཞལ་བ་བཅས་ལམ་ཙམ་གྲུབ་སྟེ། ཟླ་བ་བདུན་པའི་ནང་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་ནས་རྡོ་རྗེ་ཕུར་པའི་སྒོ་ནས་རབ་གནས་རྒྱས་པ། ཕྱི་བསྐོར་ལ་མེ་ཏོག་འཐོར་བ་གོས་སྐུ་ཞལ་ཕྱེ་སྣ་ལྔའི་མཆོད་སྤྲིན་རྒྱས་པ་ཐང་སྟོན་དུ་གྲགས་པ་སོགས་རྒྱས་པར་མཛད། སློབ་དཔོན་པདྨའི་རྣམ་ཐར་གྱང་རིས་འདི་རྣམས་མཇུག་ལ་རིམ་བཞིན་འཕར། དེ་སྐབས་བྱང་གཏེར་ཐུགས་སྒྲུབ་ཀྱི་གཏོར་གཞི་སོགས་འཛུགས་གནང་གིས་མ་ཡུམ་ཉིད་ཆོག་གྲྭ་བཅས་དང༌། སྐབས་འགའ་རེ་ལ་བན་ཚང་པ་དང་བཅས་ཚེས་བཅུའི་མཆོད་པ་ཁོ་ན་ལ་བརྩོན་པར་མཛད་གནང་དང༌། མེ་སྤྲེལ་ལོར་ད་ལྟ་ཕུར་སྒྲུབ་ཀྱི་འཆམ་ཕོད་མོ་འདོན་སྔོན་པོ་འཇའ་དམར་སེར་མཐོང་འཇུག་ལྗང་ཁུ་བྱས་པ་འདི་རྣམས་གསར་བསྐྲུན་མཛད་དེ། ཐོག་མར་འདོན་གནང་ལ་ཕུར་སྒྲུབ་ཟབ་མ་དང༌། ཁྲུམས་ཟླའི་ཚེས་གཅིག་ལ་ཕུར་ཁང་རང་དུ་ཡབ་རྗེ་རྡོ་རྗེ་འཆང་མཆོག་ལ་འདི་གའི་སྐུ་ངོ་རྣམས་དང༌། གདོང་སྣ་ཕོགས་དཔོན་སྐུ་ངོ་མཆོག་སྲས་བགྲེས་གཞོན་བཅས་ཀྱང་ཕེབས་ཡོད་པ་རྣམས་དང༌། འདི་གའི་མཁན་ཕྱག་གཉེར་གསུམ་རྒྱ་