R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༦༡
[A:༧༦༡]བྱང་དུ་ཕེབས་ཐོག་ངོས་རང་བཀའ་འབྲེལ་ཤབ་བསྐྱོད་བགྱིས་ཏེ། ཊ་རྔི། དགེ་སྡིང་བཅས་ཀྱི་མགོན་ཁང་རྣམས་སུ་བསྐང་འཕྲིན་སོགས་བགྱིས་ཏེ། དུས་མདོས་སྐབས་གདན་སར་འབྱོར། རྒྱལ་ཟླའི་ཚེས་འགོར་བཞུགས་ཐབ་སྒྲོལ་ཕོར་སྤོ་གནང་གིས་ཚེས་ཉེར་ལྔ་ལ་ད་ལྟའི་བདག་ཡུམ་འདི་བཞིན་དང༌། མདོ་སྲས་བསོད་ནམས་སྟོབས་རྒྱལ་མཆོག་སོགས་དཔོན་འཁོར་རགས་འདུས་སྔོན་ལམ་ལུང་ཤེས་ནས་རེ་ས་བསྐོར་ཏེ། ལྷ་རྩེ་ནས་ས་ཁོང་མཐོང་སྨོན་དུ་ཞག་དང་། དེ་ནས་འདི་གར་ནམ་ལངས་གོང་དུ་གསང་སྟབས་ཀྱིས་ཕེབས་ཏེ། འདི་ག་ཤིང་བཟོ་བའི་ཤག་ཏུ་བཞུགས། ཚེས་ཉེར་བརྒྱད་ལ་གཟིམ་ཆེར་ཕེབས་ཏེ། ཡབ་རྗེ་རྡོ་རྗེ་འཆང་མཆོག་ནས་འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་ཛཱེ་ཏ་རིའི་ཐུགས་བཅུད་རྒྱལ་བ་ཚེ་མཐའ་ཡས་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་བསྩལ་ཏེ། མཚན་འཆི་མེད་ཀུན་དགའ་སྒྲོལ་མ་རིགས་འཛིན་དཔལ་བཟང་མོ་ཞེས་འདོགས་གནང་མཛད། རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་བརྒྱད་སོགས་ཀྱི་མངའ་གསོལ་ཤིས་བརྗོད་རྒྱས་པ་ཐུགས་སྨོན་ཟབ་པ་བཅས་སྩོལ་གྲུབ་ནས་ངོས་རྣམས་ལ་མགུལ་དར་ཟབ་པ་རེ་བསྩལ། གསང་ཁོངས་སུ་ཡོད་པའི་ས་མཛོད་བསམ་ལྟེ་བ། གསོལ་གཟིམ་སོགས་ནས་ལེགས་དར་ཕུལ་བ་སོགས་ཞིབ་ཚུལ་ཟུར་དུ་གསལ། འདི་ལོ་དབྱར་སྐྱབས་མཆོག་དེ་ཉིད་ཀྱི་དགོངས་རྫོགས་སུ་ཁྱམས་བྱང་དུ་ལྷ་ཁང་ཟུར་བཅད་མཛད་ནས། སློབ་དཔོན་པདྨ་སམ་བྷ་བའི་སྣང་བརྙན་རིན་པོ་ཆེ་གཉིས་པ་ལས་གྲུབ་པ་དང༌། རྒྱབ་ཡོལ་པད་སྟོང་རྣམས་གསེར་ཟངས་