R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༦༤
[A:༧༦༤]སྐབས་བཞུགས་མཚེར་རྡོ་རིང་དུ་མཛད། སྣེ་ཤན་དུ་རྡོ་རིང་སྲས་བཀའ་མགྲོན་དང༌། རྩེ་མགྲོན་དཀོན་མཆོག་ཟླ་གྲགས་ཟུང་མངགས་པར་མཛད། དེ་ནས་གཞེས་བརྡ་སྙན་སེང་དང་འབྲེལ་མཇལ་ཕྱག་མེ་ཕག་ལོ་བཞིན་མཛད་དེ། མཎྜལ་རྟེན་གསུམ་འགྱོགས་དར་ནང་མཛོད་འབུལ་ཚན་སོགས་ཟབ་དུ་འབུལ་གནང་དང༌། ཡུམ་སྲས་ཟུང་ནས་ཀྱང་རྟེན་གསུམ་འགྱོགས་དར་སོགས་འབུལ་ལམ་མཛད་ཅིང༌། དེ་ནས་གསོལ་ཇ་བཞེས་འབྲས་སོགས་ཕེབས་གྲུབ་ནས་ཕྱིར་ཕེབས་ཏེ། ལུང་རྟོགས་རྒྱ་མཚོའི་གསེར་གདུང་འགག་ཏུ། བཞུགས་གདན་ཐབ་བཅས་གསོལ་ཇ་ཕེབས་ཐོག་གསོལ་སྟོན་རྒྱས་པར་བསྩལ། དེ་ནས་གནས་གཟིགས་མཛད་ཡོད་དམ་སྙམ། དེ་ནས་དགུ་གཏོར་ཆེན་མོ་དང༌། དགུང་གསར་གསོལ་སྟོན་སོགས་ལ་བརྡ་ཐོར་འགོད་གནང་གིས་དཔོན་འཁོར་ཚང་མ་ཕེབས། སྨོན་ལམ་ཆེན་མོའི་སྐབས་སྐྱབས་མགོན་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོ་བླ་བྲང་ཐོག་ཁར་བཞུགས་པས། རང་རེས་དགོང་མོའི་སྙན་སེང་དུང་རྒྱ་བཏང་དུས་སྙན་སེང་ཞུ་གནང་ལ། བཀའི་གནང་བ་ཐོབ་ཐོག་རྒྱ་གླིང་གང་སྙན་གཏོང་དགོས་རྒྱུའི་བཀའ་བསྒྱུར་ཀྱང་ཕེབས། དེ་ནས་སྨོན་ལམ་རྟ་རྒྱུགས་བྱམས་པ་གདན་འདྲེན་སོགས་ཀྱི་གཟིགས་ཆ་ལ་ཡང་བཀའ་ཤག་སོགས་ནས་བརྡ་ཐོ་བསྩལ་ཏེ་ཕེབས་སྐད་འདུག་པ་དང༌། ཟླ་བ་གཉིས་པར་ཚོགས་མཆོད་སེར་ཕྲེང་སོགས་ལའང་གདུང་སྲས་གཅུང་པོ་ཕེབས་སྐད་ཀྱི་གཟིགས་ཇ་སོ་སོར་ཡང༌། རྩེ་ཤོད་སོ་སོ་ནས་གསོལ་ཇ་བཞེས་འབྲས་དཀར་སྤྲོ། སྡེར་ཁ་བཅས་འཆར་ཆེན་ཕེབས་པར་ཐུགས་རྗེ་