R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༦༥
[A:༧༦༥]ཆེ་ཞུས་ཨ་ཤེས་མཚམས་ལྟབས་ཅན་རེ་འབུལ་དགོས་སོགས་ལུགས་སྲོལ་རྣམས་མ་འཇོལ་བར་མཛད་དོ། །གཞན་ཡང་གཞུང་ས་མཆོག་ནས་སྔ་ཕྱིར་ཟུར་ཆས་གྱ་ནོམ་པར་བསྩལ་ཞིང༌། བསྟན་སྲིད་ཞབས་བརྟན་དུ་གདུགས་དཀར་བཟློག་མདོས་དང༌། དྲང་སྲོང་ལོག་ཏྲི་པ་ལའི་གཏོར་བཟློག གུར་མགོན་ཁྲོ་བཅུའི་གཏོར་བཟློག་དབྱར་གསོལ་ལྷ་མོ་རིག་བྱེད་མའི་ཆར་འབེབས་སོགས་གནང་བ་དང༌། གོང་གདུགས་དཀར་ཟོར་གཏོར་རྣམས་ལས་ཁྲག་རྒྱུན་ནར་མར་བབས་ཤིང༌། ཟོར་འཕེན་སྐབས་རླུང་ནག་འཚུབ་ཅིང་འཁྱིལ་བ། ཟོར་བཀྲ་ལེགས་པ་སོགས་བསྟན་སྲིད་ལ་ཧ་ཅང་དགེ་ཡང་ཡབ་རྗེ་རྡོ་རྗེ་འཆང་ཉིད་རྒྱུན་གཏན་སྙུན་བ་མི་ཤེས་ཀྱང༌། འདི་ལོ་ལྷ་ལྡན་དུ་ཞབས་ཕྲན་བུ་སྙུན་ཚུལ་བཞེས་པ་དང༌། འདི་ག་ས་སྐྱར་གཞུང་གི་བཀའ་འགྱུར་སྐབས་ཁམས་གྲྭ་བོད་གྲྭ་རྣམས་ཕྱོགས་ལངས་ཀྱིས་འཁྲུག་ཤོར་ཆེ་ཙམ་བྱུང་སོང༌། དབུས་གཙང་སོགས་སུའང་ས་གཡོ་ཡོམ་ཙམ་ཉིན་རེ་ཆེ་ཆུང་ཐེངས་ཁ་ཤས་བསྟུད་མར་བྱུང་སོང༌། འགོ་ཟླའི་གནམ་གང་ཉིན་ཉི་དཀྱིལ་ཡོངས་རྫོགས་བསྒྲིགས་པ་སོགས་དོན་དུ་ཡབ་རྗེ་རྡོ་རྗེ་འཆང་ཉིད་ལོ་ཤས་ལས་ཞབས་མི་བརྟན་པའི་རྟགས་སུ་མངོན་པས་ཕྲན་ཆུང་ནས་གོང་གསལ་ཐན་ལྟས་དེ་དག་དམིགས་མེད་དུ་ཞི་བའི་སྲུང་བཟློག་གང་ཤེས་ཞུས་ཀྱང་དོན་འབྲས་ཆེ་བ་རང་མ་བྱུང་ངོ༌། །དེ་ནས་བར་སྐབས་བསྟན་གླིང་སྲིད་ཟུར་མཇལ་འཕྲད་ཀྱིས་གནང་སྐྱེས་རྣམས་བསྟར་ཞིང༌། ཡབ་སྲས་གཉིས་ཆར་གདན་ཞུས་ཀྱིས་གུར་ཞལ་ཁང་དུ་བསྐང་འཕྲིན་བདུན་གཅིག་ཙམ་དང༌། རྒྱལ་ཁང་དུ་གསོལ་ཁ་