R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༦༦
[A:༧༦༦]སྲིད་ཟུར་མཆོག་དང༌། འདུས་ཚོགས་བཅས་ནས་ཚེ་དབང་སོགས་ཞུས་ཚོད་དང༌། གཞན་ཡང་ཡབ་གཞི་གླང་མདུན་པ། ཡབ་གཞི་ཕུན་ཁང༌། ལྷ་ཀླུ་དགའ་ཚལ་བ། དག་བྷྲུམ་སོགས་ནས་གདན་ཞུས་ཀྱིས་ཚེ་དབང༌། བྱད་འགྲོལ། ཁྲུས་གསོལ་རབ་གནས་སོགས་ཐུགས་བཞེད་སྐོང་བར་མཛད་སྐད་འདུག འདི་ལོ་སྐུ་གེགས་ལྟ་བུས་མཛོད་པ་བསམ་ལྟེ་བ། གཟིམ་ཟུར་འཇམ་དབྱངས། རྩེ་ཕྱག་ཚེ་བཀྲས། ཕུ་ཤར་ཨེམ་ཆི་རྣམས་རིམ་པར་ནད་མནར་གྱིས། མཛོད་པ་བསམ་ལྟེ་བ། ཆོས་དཔལ། ཕུ་ཤར་བླ་སྨན་པ་བཅས་ལྷ་ལྡན་དུ་དུས་ཆོས་སུ་གྱུར་བ་དང༌། གཟིམ་ཟུར་འཇམ་དབྱངས་ཟླ་བ་དྲུག་པའི་ནང་འདིར་འབྱོར་བྱུང་ཡང༌། རིང་པོ་མ་སོང་བར་དུས་ལས་ཡོལ་བ་སྐུ་གེགས་བསྒྱུར་བའི་ཡབ་རྗེ་མཆོག་དང་གཟིམ་ཚེ་བཀྲས་བཅས་སྙུན་ལས་སེང་དྭངས་བྱུང་འདུག དེ་ནས་གཞུང་ཞབས་ཕོ་བྲང་དང༌། རྒྱ་དཔོན་ཨམ་བན་ལྷན་དྲུང་སོགས་ཀྱི་སར་ཕེབས་ཡོད་དམ་སྙམ། ཟླ་བ་དེར་དེ་མོ་སྐུ་འཆམ་གཟིགས་ཆར། གདན་ཞུ་གནང་བར་ཕེབས་སྐད་དང༌། ནོར་གླིང་དུ་ཞུ་དོན་ལྷ་མོ་བ་སོགས་ཀྱི་གཟིགས་ཆ་དང༌། དེ་སྐབས་སོགས་སྔ་ཕྱི་གང་རུང་ཞིག་ལ་རྒྱལ་དབང་ཐམས་ཅད་མཁྱེན་པའི་གཟིམ་ཆུང་དུ་མཇལ་ཕྱག་སོགས་ཀྱང་མཛད་སྐད་འདུག འདི་ལོར་རྒྱལ་ཁབ་ནས་ས་སྐྱ་བར་གཞིས་ག་བསྩལ་རྒྱུར་ཕྱིས་གཏིང་གཞུང་གྲོན་ཆེ་བས་མི་ཁྲོལ་ཀྱང༌། མཆོད་རྒྱུན་ཞིག་གསོ་སོགས་ཀྱི་གཏོང་སྣོན་དུ་ཊམ་རྡོ་ཉིས་བརྒྱ་ཐམ་པ་ལོ་གསུམ་སྐྱེད་མེད་དུ་གསོལ་རས་བསྩལ་བ་སོགས། ཁར་གདོང་