R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༦༩
[A:༧༦༩]གསུངས་པ་སོགས་རྒྱས་བཤད། རྒྱུན་པར་གནང་བ་བཞིན་ཡོད་པ་དེ་བཞིན་མཛད་ནས། བཅོ་ལྔའི་གསུང་བསྔོ་གྲུབ་ནས་སྐུ་སེང་དྭངས་པོའི་སྐབས་སྙུན་གཞི་གློ་བུར་བ་ཞིག་བཞེས་ཚུལ་གྱིས་སྐུ་ཡོམ་ཞིང་ཐུགས་ཀྱང་དྲན་མེད་དུ་ཕེབས་ཚད་ལ་དེ་སྐབས་ཕུན་ཕོའི་འཇམ་དཔལ་མ་དེ་ཉིད་ཀྱང་ཡོད་པ་བཅས་ངོས་རྣམས་ནི། ཅི་བྱ་གཏོལ་མེད་དུ་གྱུར། ཀུན་བྱང་དྲུང་ཡིག་མགོན་པོ་སོགས་ནས་ཕྱག་རྩ་བལྟས་ཏེ་ཨོ་རྒྱན་ལྷ་ཁང་དུ་འགག་པ་རྒྱམ་བླ་བསྟན་འཛིན་གྱི་སྐུ་རྒྱབ་ཏུ་གདན་དྲངས་ཏེ་ཕེབས་བཞུགས་ཀྱིས་གསོལ་སྨན་སོགས་ཞུས་པས་དགོང་ཁར་ཅུང་དྲག་ཏུ་ཕེབས་ཚུལ་དང༌། ལྷ་ཆེན་མཁན་ཁྲི་དང༌། མ་རྒན་བསྟན་རིན་སོགས་ནས་སྐུ་གླུད་རྫོང་ཆོག་སོགས་བཅོས་ཁ་རེ་བྱས་སོང༌། ཡང་ཇི་བཞིན་མ་ངེས། བཅུ་དྲུག་ཐོ་རངས་ཁར་འགག་པའི་རྒྱབ་ཏུ་སྔར་བཞིན་གདན་དྲངས་ཏེ་སྒྲོལ་ཕོར་ཕེབས། ཕུར་སྒྲུབ་སློབ་དཔོན་འཕྲོ་དེ་སྐབས་ཀྱི་སློབ་དཔོན་གཞོན་པ་ཕྲན་རང་ཡིན་སྟེང་སྐུ་ཚབ་བྱས་ཏེ་ཉིས་ལྕོགས་བགྱིས། དེ་སྐབས་འགའ་རེ་ནས་སྟེང་གདོན་གྱི་སྙུན་གཞི་འདྲ་མོ་ཡིན་ཚུལ་བྱས་སོང་ཡང༌། དེ་འདྲ་མ་རེད། དྲུང་ཡིག་མགོན་པོ་ནས་ཟེར་ན་སྐུ་རླུང་ཁྱབ་བྱེད་འཁྲུལ་པ་ལྟ་བུ་ཡིན་ལུགས་བརྗོད་པ་གང་ལྟར་ཟླ་མཇུག་ལ་རིམ་བཞིན་སྐུ་སེང་དྭངས་སུ་གྱུར། དེ་ནས་སྔར་གྱི་ཆབ་དམར་ཁ་མ་དྲོ་དེར་སྟོན་ཆབ་གནང་བ་ཆབ་ཚན་ཀྱང་དྲོ་འཇམ་ལས་མེད་ཐོག་སྔར་གྱི་ཞབས་རོ་ཡང་ཅུང་ཟད་འཕར་བ་སོགས་ཆབ་གསར་འདི་སྔར་གཞིས་རྩེར་སྡེ་པ་གཙང་པས་ཆོས་སྡེ་གསར་བཞེངས་བཞིན་མི་ཤིས་པ་ཁོ་ན་