R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༧༠
[A:༧༧༠]བྱུང་བ་ཞིག་ཡིན། དགུན་ཐོག་གཞི་ཐོག་ཏུ་བཞུགས་སྐབས་གཏེར་སྟོན་བསོད་རྒྱལ་ཕེབས་པར། ཡབ་རྗེ་རྡོ་རྗེ་འཆང་ཉིད་མཇལ་ཞུས་ཀྱིས་ལུང་བསྟན་འགའ་ཞིག་ཕུལ་ཡོད་འདུག་པ་དང༌། གཞུང་ས་ནས་ཀྱང་བཀུར་བཟོས་ཆེ་བར་དགོངས་སམ་སྙམ། འདི་གར་ཡང་གཏོར་བཟློག་སོགས་ཞབས་བརྟན་འགའ་ཞིག་ཀྱང་མཛད་སོང་ལ་གང་གི་སྒོ་ནས་ཡིན་མིན་ནི་མ་ཤེས་སོ། །དེ་ཡན་གྱི་ལོ་ཁམས་སོ་སོའི་མཛད་སྒོ་རྣམས་རགས་ཙམ་སྒྲོ་སྐུར་དང་བྲལ་བར་བརྗོད་ཟིན་ནས་ཞིབ་པར་རྣམ་ཐར་ཟིན་ཐོ་སོགས་གང་ཡང་མེད་སྟབས་བརྗོད་པར་རྔོ་མ་ཐོགས་ཤིང༌། གོང་གསལ་དེ་རྣམས་དམ་པའི་ཡོན་ཏན་དྲུག་གམ་དགུར་བསྡུས་པ་ལས། དེ་ཡང་བསྡུས་ན། བསྟན་པའི་བྱ་བ་ཐོས་བསམ་སྒོམ་གསུམ་དང༌། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་དུ་བསྡུས་པར་གསུངས་པས། དང་པོར་ཐོས་བསམ་ཇི་ལྟར་མཛད་ཚུལ་ནི། དམ་པ་རྣམས་ལ་དབང་ཆོས་གསན་ཚུལ་རྣམས་ཞིབ་པར་བཀོད་བཞིན་དང༌། དེ་ལྟར་གསན་པ་རྣམས་ཀྱང་མིང་རྐྱང་ཙམ་དུ་མ་ལུས་པར་བསམ་པས་སྒྲོ་འདོགས་ཆོད་ཅིང༌། བསྒོམས་པས་ཉམས་སུ་བཞེས་ཚུལ་སོགས་ནི། བདག་ཅག་རྣམས་ཀྱི་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་ནི་དུས་རྒྱུན་དུ་སྐུ་གསུང་ཐུགས་རང་བཞིན་དྲང་པོར་བཞུགས་པ་ལས་ཕྱོགས་ལྷུང་དྲི་མ་ཅན་གྱི་ཆགས་སྡང་གི་འཕྲོས་པ་སོགས་གསུངས་པ་ནི་སུས་ཀྱང་ཐོས་མ་མྱོང་ཞིང༌། ཁྱད་པར་འགྲོ་བ་མགོན་མེད་པ་དང་ཉམ་ཐག་པ་རྣམས་གཟིགས་པ་ན་ལྷག་པར་ཐུགས་བརྩེ་བས་ངོས་རྣམས་ཁྲི་སྟེང་བཟའ་བཏུང་སྐྱིད་པོས་འཚོ་