R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༧༢
[A:༧༧༢]མཁྱེན་ཅིང་ཞིབ་པར་གསུངས་པ་ཁོ་བོས་ཀྱང་ཐོས་ཤིང༌། དེ་བཞིན་དབང་རྗེས་གནང་བཀའ་གཏད་བྱིན་རླབས་སོགས་གང་གནང་ཡང་གཞུང་དེ་རང་ནས་གང་བཤད་རྣམས་མ་ཆད་མ་ལྷག་པར་ནན་ཏན་དུ་གནང་སྲོལ་དང༌། རྒྱུན་གཏན་གསོལ་ཟས་སོགས་གང་གནང་བླ་མ་ཡི་དམ་འགའ་ཞིག་གི་མཚན་ནས་བརྗོད་དེ་ཕུད་གཏོར་དང་སྐུ་ལུས་གདན་གསུམ་ཚང་བའི་ངོ་བོར་དགོངས་ཏེ། ཁ་ཟས་ཀྱི་རྣལ་འབྱོར་རྒྱུད་སྡེ་ནས་བཤད་པ་བཞིན་མཛད་པར་སྤྱན་དམིགས་བཟང་མཛད་པ་ཡང་ཡང་མཐོང་ཐོས་བྱུང་བ་འདི་ལ་དཔག་ན། འདོད་ཡོན་ལམ་འཁྱེར་དགོངས་པས་མཉེས་པ་དང་ལུང་མ་བསྟན་དང་བག་མེད་ཀྱི་དབང་དུ་ཅུང་ཟད་ཀྱང་འགྲོ་མི་སྲིད་དམ་སྙམ་མོ། །འཆད་པ་ཉི་མའི་འོད་ཟེར་གྱིས་གདུལ་བྱའི་དོན་མཛད་ཚུལ་ནི་གོང་དུ་བཤད་པ་བཞིན་སྔ་ཕྱིར་ས་སྐྱ་པའི་ཡབ་ཆོས་གསུང་ངག་ལམ་འབྲས་ཚོགས་བཤད་ཐེངས་བཞི་དང༌། གུར་མགོན་གྱི་ཆོས་སྐོར་ཐེངས་གཉིས། གསེར་ཆོས་བཅུ་གསུམ། ནཱ་རོ་མཁའ་སྤྱོད་སོགས་ལན་གཅིག གཞན་དབང་རྗེས་གནང་གི་རིགས་སོགས་གྲངས་མང་གནང་བའི་ཞལ་སློབ་ཀྱི་གཙོ་བོ་ནི། གང་གི་སྐུ་མཆེད་གཅུང་པོ་ངག་དབང་གསང་བའི་བདག་པོ་དཔལ་ཆེན་འོད་པོ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་མཆོག་དང༌། གང་གི་རིགས་དང་ཆོས་ཀྱི་སློབ་བུར་གྱུར་པ་ཁོ་བོ་འཁོན་རིགས་ངག་དབང་དྲག་ཤུལ་འཕྲིན་ལས་རིན་ཆེན་དཔལ་བཟང་པོ་ཞེས་འབོད་པ་བདག་དང༌། འཁོན་གདུང་གཅུང་པོ་ངག་དབང་ལྷུན་གྲུབ་རྒྱལ་མཚན། འཇམ་དབྱངས་ཐུབ་བསྟན་