R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༧༣
[A:༧༧༣]བཟང་པོ། ངག་དབང་ཀུན་དགའ་གྲགས་པ་བློ་གྲོས། རྗེ་བཙུན་པདྨ་འཕྲིན་ལས་དང་དངོས་གྲུབ་དབང་མོ་ཟུང་དང༌། རྒྱལ་བ་སྐྱེད་པའི་ཡུམ་མཆོག་འཆི་མེད་ཚེ་དབང་རིག་འཛིན་དཔལ་བཟང་མོ། བདག་ཡུམ་འཆི་མེད་ཀུན་དགའ་སྒྲོལ་མ། མདོ་སྔགས་ཆོས་སྡེ་ཉི་ཟླ་ཟུང་འབྲེལ་གྱི་མཁན་རིན་པོ་ཆེ་བཀྲ་ཤིས་ཆོས་འཕེལ། བྱམས་པ་ཆོས་བསྟན་འཛིན་སོགས་དང༌། ངོར་ཨེ་ཝཾ་ཆོས་ལྡན་གྱི་མཁན་རིན་པོ་ཆེ་ངག་དབང་བློ་གྲོས་སྙིང་པོ། འཇམ་དཔལ་ཕན་བདེའི་སྙིང་པོ་ཟུང་སོགས། དེ་དུས་ཀྱི་མཁན་ཞབས་ཕལ་ཆེ་བ། ཡར་ཀླུངས་དབོན་སྤྲུལ་རིན་པོ་ཆེ། ནཱ་ལནྡྲའི་བཅོ་བརྒྱད་ཁྲི་ཆེན་ངག་དབང་ཀུན་དགའ་མཁྱེན་རབ་སོགས་རང་ལུགས་ཀྱི་བསྟན་འཛིན་མཚན་ནས་བགྲངས་སུ་རུང་བ་དུ་མ་དང་གཞན་འདིར་མ་འདུས་པ་མང་དུ་ཡོད་པ་དང༌། གཞན་ཡང་གྲྭ་ས་ཁག་གི་སྤྲུལ་སྐུ་དང༌། སྡེ་དགེ་ས་སྤྱོད་པ་དང༌། གཞུང་ས་ཆེན་པོ་དང་བླ་བྲང་སྐུ་དྲག་མི་ཆེན་དུ་མ་སོགས་རྒྱལ་བསྟན་རིན་པོ་ཆེ་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབས་པར་མཛད་པ་དང༌། རྩོད་པ་རྡོ་རྗེའི་མེ་ཆེན་གྱིས་ལོག་རྟོག་ཚང་ཚིང་ཇི་ལྟར་བསྲེག་པའི་ཚུལ་དང༌། རྩོམ་པ་སྡེབས་ལེགས་ཚིག་གི་མེ་ཏོག་གིས་རྒྱལ་བསྟན་མཛེས་པར་མཛད་ཚུལ་རྣམས་སྡེབ་གཅིག་ཏུ་བརྗོད་ན། སྤྱིར་བདག་ཉིད་ཆེན་པོ་དེང་སང་དུས་སྙིགས་མ་དམུ་རྒོད་ལ་དགོངས་རྩོད་པ་དངོས་སུ་མཛད་པ་མ་མཐོང་ཞིང༌། དེ་བཞིན་ལྗགས་རྩོམ་ཡང་ཡབ་མེས་གོང་མས་མཛད་པ་རྣམས་བྱིན་ཆེ་བས་རྒྱུན་འགག་པ་ལ་དགོངས། གསོལ་འདེབས་བརྟན་བཞུགས་ཕྲན་བུ་ལས་མ་མཛད་ཀྱང༌།