R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༧༡
[A:༧༧༡]བ་ལ་འདི་རྣམས་སྙིང་རྗེ་བས་ཇི་ལྟར་འདོད་པ་སྦྱིན་ཞེས་ཡང་ཡང་གསུངས་ཤིང༌། བསྟན་པ་བསྟན་འཛིན་དང་བཅས་པ་རྣམས་ལའང་དད་གུས་ལྷག་པར་མཛད་ཚུལ། ས་བྱི་བོད་ཕྱི་དམག་འཁྲུག་སྐབས། འདི་ག་གདན་ས་ནས་ཀྱང་སྤྱི་འགྲེའི་སེར་དམག་གྲབས་གཤོམ་གྱིས་ཉེ་འཁོར་གྱི་གྲྭ་རིགས་རྣམས་གྲྭ་ཆས་བཞག ཕུ་ལུང་མ་གྱོན་རྒྱལ་སྒང་མགྲོན་གཉེར་ནས་མེ་མདའ་རྒྱག་ལུགས་སོགས་སློབ་སྦྱོང་བྱེད་པར་གཟིགས་པ་ན། ཀྱེ་མ་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་རྣམས་འདི་བཞིན་བྱེད་པ་བསྟན་པ་ཉམས་དམན་གསུངས་ཤིང༌། མི་བཟོད་པའི་ཐུགས་ཁྲལ་ཆེན་པོ་མཛད་པ་ངོས་རྣམས་ཀྱིས་ཀྱང་མཐོང་ཞིང༌། ཀྱཻ་རྡོ་རྗེ་ཕུར་པ་རིག་བྱེད་མ། མགོན་དཀར་གུར་མགོན་ཞལ་བཞི་རྣམས་ཀྱི་བསྙེན་སྒྲུབ་མཐར་ཕྱིན་པ་མཛད་ཅིང༌། རྒྱུན་གཏན་ཀྱང་ངག་གི་ཐུགས་དམ་ཉམས་བཞེས་ཆག་མེད་དང༌། བླ་མ་གོང་མའི་རྣམ་ཐར་ཆོས་འབྱུང། རྣམ་བཤད་སོགས་ལ་གཟིགས་རྟོག་དང༌། ལྷག་པར་སྒྲུབ་མཆོད་དབང་ལུང་ཁྲིད་གསུམ་སོགས་ཀྱི་བསམ་བྱ་རྣམས་ལ་ཞིབ་གཟིགས་ཀྱིས་དེང་སང་གི་བླ་ཆེན། མ་ཤེས་ཀྱང་ཤེས་ཚུལ་བྱེད་ཅིང་དྲིས་ན་ཡིན་ལུགས་ཅི་ཡང་སྨྲ་རྒྱུ་མེད་པ་རྣམས་དང་མི་འདྲ་བར། གསང་སྔགས་རྙིང་མ་རྡོ་རྗེ་ཕུར་པ་སོགས་བདག་མདུན་ཐ་མི་ཐད་དང༌། སླར་ཕྱེ་སྟེ་བདག་འཇུག་ལེན་པ་དང༌། གུར་རྒྱུད་དྲག་དམར་སོགས་བསྐྱེད་ཚིག་གཅིག་ཉིད་ཀྱིས་བདག་མདུན་བུམ་གསུམ་སོ་སོར་གསལ་འདེབས་དགོས་པ་དང༌། ཀྱཻ་རྡོ་རྗེ་སོགས་ལ་བདག་བསྐྱེད་མདུན་བསྐྱེད་བསྲེ་ལུགས་ཀྱི་མདུན་བསྲེ་དགོས་ཚུལ་རྣམས་མ་འདྲེས་པར་