R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༧༦
[A:༧༧༦]བྱུང་འདྲ་བས། དེང་སྐབས་བཤད་ལ་ཕྱིན་ན། ཙི་ཏའི་ཡུལ་དུ་ཕྱིན་པ་ན། །རྐང་གཉིས་པ་ལ་མིར་མི་བརྩི། །ཞེས་མཆེད་ཟླར་འགྲོ་དོགས་བཞག་གོ །དེ་ནས་སྐུ་སྤུར་བཞུགས་རིང་ཕྱག་གཉེར་བླ་ཁག་སོགས་ནས་སྔར་ལམ་ཁྱད་བྱང་བླ་མ་ལྷ་ཁང་དུ་བཏང་སོང༌། དེ་ནས་བཅུ་གཅིག་ལ་སྐུ་གདུང་རིན་པོ་ཆེ་ངོས་སོགས་སྐུ་ངོ་བགྲེས་གཞོན་ཚང་མ་སྟོད་སྨད་བླ་ཁག་སོགས་སྤོས་བསུ་དང༌། འདུས་ཚོགས་ནས་སེར་ཕྲེང་བཅས་གཞི་ཐོག་ནས་ཕུར་ཁང་བར་ཕེབས་བྱམས་ལ་མཆོད་ཚོགས་དང་བཅས་པས་གདན་དྲངས་ཏེ། སྤུར་མཆོད་པ་མཁན་ཁྲི་དཔལ་བཟང་འཕྲིན་ལས་ནས། རྒྱུད་སྡེ་ནས་གསུངས་པའི་དུས་མཐའི་ཆོ་གའི་སྒོ་ནས་སྤུར་མཆོད་ཕུལ་བ་མགྱོགས་མྱུར་བཞེས་གྲུབ། དེ་ཉིན་སྤུར་ཁང་རྒྱས་བཏབ། དེའི་སང་ཉིན་བཤིག་སྟེ། གདུང་རུས་རྣམས་སེར་ཕྲེང་བཅས་གཞི་ཐོག་ཏུ་གདན་དྲངས། འདི་ཉིན་ལྷ་ཆེན་གཙུག་ལག་ཁང་དང་ངོ་མཚར་རྟེན་བཞི་སོགས་ལྷ་ཁང་རྣམས་སུ་སྣ་ལྔའི་སྟོང་མཆོད། དགེ་འདུན་རྣམས་ལ་མང་འགྱེད་བསྙེན་བཀུར་སོགས་དང་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ། པཎ་ཆེན་རིན་པོ་ཆེ་སོགས་ལ་གཤེགས་རྫོང་བསྔོ་རྟེན་རྒྱ་སྤམ་ཆེ་བ། འདི་ཁའི་བླ་ཁག་རྣམས་དང་ཕྱོགས་ཀྱི་བླ་སྤྲུལ་ཁག དགོན་ཁག་རིས་མེད་ཕལ་ཆེ་བ་སོགས་ལ་བསྔོ་རྟེན་རྣམ་བཞག་ཟུར་འབུལ་འོས་པ་རྣམས་དང༌། བྱིངས་ལ་མང་འགྱེད། འདི་གར་སྐུ་ཚིགས་རིང་ཉིན་ལྟར་ལྷོ་བྱང་འདུས་ཚོགས་ནས་ཐམས་ཅད་རིག་པའི་ཆོག་གར་བསྙེན་འགྱེད་བཅས་སོགས། གཞི་ཐོག་དབང་ཁང་དུ་ངོས་