R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༨༧
[A:༧༨༧]སྔོན་བྱོན་བླ་མ་གོང་མའི་བཞེད་སྲོལ་ཉམས་མེད་ཀྱི་རྒྱུན་ལྟར། དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་སྒྲུབ་མཆོད་ཚོགས་དབུས་སུ་དཔལ་གྱི་མགུལ་ལས་འཕྲུལ་གྱི་ལྗགས་བརྐྱངས་ཏེ། ལེགས་བཤད་ཀྱི་དགའ་སྟོན་རྨད་དུ་བྱུང་བ་བསྩལ་བ་དང༌། དེ་ནས་རིམ་བཞིན་བསྟན་རིམ། རྡོ་རྗེ་གུར་གྱི་མགོན་པོ། དཔལ་ཆེན་བཛྲ་ཀཱི་ལ་ཡ། དུས་མཆོད་གནོད་སྦྱིན་ཆེན་པོའི་གཏོར་བཟློག་རྣམས་སྔོན་ལོ་སྒྲུབ། ཁ་གསོ་བདུན་རེ་བཅས་ཟོར་འཕེན་མཛད་པ། ཕྱི་ལོར་དེ་འཕྲོས་རྒྱལ་ཆེན་བསེ་ཁྲབ་པ་དང༌། དཔལ་ལྡན་དམག་ཟོར་རྒྱལ་མོའི་གཏོར་སྒྲུབ་ཟོར་འཕེན། བསམ་བརླིང་ལྷ་མོ་རྗེ་འཁོར་མའི་མཆོད་མདོས་སྒྲུབ་འབུལ་སོགས། ལྕགས་རྟ་ལོ་མགོན་པོ་ཞལ་བཞི་པའི་སྒྲུབ་བསྙེན་ཟླ་བ་གཉིས་ལྷག་ཙམ། རྒྱལ་ཟླའི་མཇུག་གཉན་མགོན་ཞལ་བཞི་པའི་སྒོ་ནས་བསྟན་རིམ་གཏོར་སྒྲུབ་ཟོར་འཕེན། ནག་ཟླར་དམ་ཚིག་བསྐང་གསོ་བཅས་འཆར་ཆེན་བསྟན་རིམ་རྣམས་སློབ་དཔོན་སྔོན་ལམ་བཞིན་མཛད། བྱི་གླང་སྟག་གསུམ་ལ་རྒྱུན་གྱི་ཚོགས་ཕེབས་ཕལ་ཆེ་དང༌། བན་ཚང་པའི་ཚེས་མཆོད་བྱང་གཏེར་ཐུགས་སྒྲུབ་ཀྱི་ཚེས་བཅུ་ལ་ཡང་རྗེ་ཉིད་དང་རྗེ་བཙུན་རྟ་མགྲིན་དབང་མོ་བཅས་རྟག་པར་ཕེབས་ཤིང༌། ལོ་དེ་རྣམས་གང་རིགས་ལ་ཕུར་སྒྲུབ་སློབ་དཔོན་ཐོག་མ་གནང་ཞིང༌། མཛད་སྒོ་རྣམས་སྔར་ལམ་བཞིན་དང༌། དུས་མདོས་དང༌། ཆོག་མང་དང༌། འགོ་ཟླའི་འཇམ་མགོན་ཨ་མེས་ཞབས་ཀྱི་དགོངས་རྫོགས་བདེ་མཆོག་སྒྲུབ་མཆོད་དང༌། སྣྲོན་ཟླར་ས་ཆེན་ཀུན་བློའི་དགོངས་རྫོགས་འཇིགས་བྱེད་