R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༨༨
[A:༧༨༨]རྭ་ལུགས་ལྷ་བཅུ་གསུམ་མ་རྣམས་ཀྱི་སྒྲུབ་མཆོད་ཀྱི་སློབ་དཔོན་མཛད་ནས་ཆོ་ག་ཕྱག་ལེན་སོགས་ཕུལ་ཕྱིན་མཛད་འདུག་པ་དང༌། དེ་མཚམས་རྟ་ནག་སྒྲོལ་ཕུག་ཏུ་ཕེབས་ཏེ་བཞུགས་སྐབས་ཤིག་ཏུ་ཆར་ཤིན་ཏུ་དཀོན་པ་ཞིག་བྱུང་ཡོད་པ། གཟིམ་ཟུར་འཇམ་དབྱངས་ནས་འོ་ཅག་འདུག་སེ་བཞུགས་ནས་འགྲིག་སོང་ངམ། ཆར་འབེབས་ཞིག་མ་གནང་ན། གཞན་པར་ངོ་ཡང་ཚ་པོ་བྱེད་མཁན་རེད་ཞུས་ཚོད་ལ་དེ་ལྟར་ན་གནོད་སྦྱིན་ཆེན་པོ་རྩི་དམར་ལ་གསོལ་ཁའི་ཡོ་བྱད་རྣམས་མ་ཚང་བ་མེད་པར་སྒྲིགས་ཤིག་གསུངས་ཏེ། རྒྱལ་གསོལ་འཁྲུལ་བྲལ་ཞལ་བཟང་ཞིག་གནང་བ་ཚུགས་སྟེང་ནས་སྤྲིན་ནག་འདུས་ཏེ་དྲག་ཆར་ཞིག་འབེབས་པར་མཛད་པ་ནས་བཟུང་ཞག་བདུན་ཙམ་བསྟུན་ནས་བབས་པ་དེ་ཕྱོགས་ཀྱི་སྐྱ་སེར་རྣམས་དགའ་སྟེ་ཡི་རང་བ་མཛད་པ་དང༌། དེ་བཞིན་ས་སྐྱར་བཞུགས་སྐབས་ཀྱང་དུས་མཆོད་དུ་ཆར་འབེབས་གནང་རིམ་གྱིས་བབས་པ་སོགས་བྱུང་ཚུལ་གླེང་བ་སོགས་བྱུང་འདུག ལྕགས་ཡོས་ལོ་ཞབས་བརྟན་ལྷ་ཁང་གནས་བཅུར། ཆོས་སྡེ་ལྷོ་བྱང་སྒྲིགས་གཞོན་གཞི་གྲྭ་རྣམས་དང༌། ཁམས་གྲྭ། རི་ཁུད་ལྷ་འབྲི་བ། རྒྱ་ཀག་པ་སོགས་དང༌། ཕུ་རི་བླ་མ་དགེ་སློང་སོགས་ཆོས་ཉན་པ་བཅུ་ཕྲག་ལྔ་ཙམ་ལ་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་གི་བཞེད་གཞུང༌། རྒྱལ་གསུང་མདོ་རྒྱུད་རྒྱ་མཚོའི་སྙིང་པོ་གསུང་ངག་རིན་པོ་ཆེ་ཚོགས་བཤད་ཐོག་མར་བསྩལ་བ་ལ་བར་སྣང་གསུམ་སྐབས་ལོ་གྱོན་མའི་རྗེས་གནང༌། བླ་མ་བརྒྱུད་པ་ཕལ་ཆེ་བའི་རྣམ་ཐར་གྱི་ལྗགས་ལུང༌། སེམས་