R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༨༦
[A:༧༨༦]རིགས་ཅན་བཅོ་ལྔའི་རྗེས་གནང་སོགས་གསན། ལྕམ་ཕུ་སྒྲོལ་མགོན་ཞབས་ལས་བྱང་གཏེར་སྒྲུབ་སྐོར་གསུམ་གྱི་དབང་དང་ཆོས་ཚན་ཉེར་ལྔའི་ལུང་སོགས་གསན། མཁས་དབང་ལྷ་ཆེན་མཁན་ཟུར་ཆོས་བསྟན་འཛིན་ལས་དབྱངས་ཅན་སྒྲ་མདོའི་ས་རིས། སྒྲ་སྒྲུབ་ཕྱག་ལེན་དང༌། སྙན་ངག་མེ་ལོང་མ། སུམ་ཅུ་པ་དང༌། རྟགས་འཇུག སྡེབ་སྦྱོར་རིན་འབྱུང་གི་ཕྱག་ཁྲིད་སོགས་གསན། གཞན་ཡང་སྨན་རྩིས་སྐོར་རྣམས་ཀྱང་དེ་ལ་སྦྱངས་པའི་མཁས་པ་དག་ལས་གསན་བསམ་སོགས་རྒྱ་ཆེར་མཛད་ནས། རྒྱུན་དུ་ཕྱག་བཞེས་ཀྱང་མཛད་དོ། །གསན་པ་དེ་དག་ཀྱང་མིང་རྐྱང་ཙམ་དུ་མ་ལུས་པ་བསྙེན་པ་དང་བསྒོམ་སྒྲུབ་ཉམས་བཞེས་འཆད་སྤེལ་སོགས་ཀྱི་སྒོ་ནས་བསྟན་པའི་བྱ་བ་ཐོས་བསམ་སྒོམ་གསུམ། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བསྟན་ཇི་ལྟར་སྤེལ་ཚུལ་རྣམས་རིམ་བཞིན་བརྗོད་ན། ལྷ་ཆེན་མཁན་ཆེན་བཀྲ་ཤིས་ཆོས་འཕེལ་ལས་དགེ་ཚུལ་གྱི་བསླབ་པ་མནོས་པར་མཛད་ནས། ལོ་དེའི་མཇུག་ཞབས་བརྟན་ལྷ་ཁང་དགེ་ལེགས་རྒྱ་མཚོའི་འབྱུང་གནས་ཕོ་བྲང་དུ་བཞུགས་ཏེ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད། དགེས་མཛད་རྡོ་རྗེ། དཔལ་ཆེན་རྡོ་རྗེ་གཞོན་ནུ། རྡོ་རྗེ་གུར་གྱི་མགོན་པོ་རྣམས་ཀྱི་གཞི་བསྙེན་རྣམས་མཐར་ཕྱིན་པར་མཛད་སྐབས། རྟ་ནག་སྒྲོལ་ཕུག་སོགས་སུ་ཕེབས་ཏེ་དབང་ལུང་གནང་བ་སྒྲིག་ལམ་ཀུན་སྤྱོད་འདེབས་པ་སོགས་མཛད་སྐད་དང༌། ཉིད་ཀྱི་དགུང་གྲངས་བཅུ་ཕྲག་གཅིག་དང་ཉག་མ་བཟང་པོའི་གྲངས་ལྡན་དུ་ཕེབས་པ་ཙམ་ནས་བཟུང་གདན་ས་འདི་ཉིད་ཀྱི་