R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༩༥
[A:༧༩༥]ཀྱང་ཞུ་གནང་གིས་སྟག་ལུང་མ་སྤྲུལ་རིན་པོ་ཆེ་དེ་ཉིད་ཚུར་མཐོང་གདུལ་བྱའི་སྣང་ངོ་ཡང་མདོ་སྨད་འཇམ་མགོན་རྣམ་གཉིས་སོགས་ཀྱི་ཞབས་ལ་གཏུག་ཅིང༌། དངོས་སློབ་ཏུ་གྱུར་པ་སོགས་སྐུ་ཡོན་ཆེ་བས། དེ་སྐབས་རྗེ་ཉིད་ལ་རྡོ་རྗེ་ཕུར་པའི་སྒྲོལ་དབང་དང་ཕུར་བཟློག་སྐོར་གྱི་གནད་ཐོ་བཅུ་གཉིས་དང༌། ཚེ་ལུང་ཁྲུས་ལུང་སོགས་དགོངས་པ་རྣམ་གསུམ་གྱི་དམིགས་གནད་རྣམས་བཀའ་འདྲི་ཞུ་གནང་ལ། ས་སྐྱ་པའི་གདུང་འདི་རྣམས་གཞན་འགྲན་མ་མཆིས་སྟབས་བཀའ་ལན་ཡང་ཐོགས་མེད་དུ་འདི་བཞིན་གསུངས་བྱུང་ཞེས་ངོས་རང་ལ་འགྲུལ་བསྐྱོད་ཐོག་མའི་སྐབས་མ་སྤྲུལ་རིན་པོ་ཆེ་ཉིད་ནས་གསུངས་བྱུང་བ་དང༌། དེ་སྐབས་ནམ་བྲོད་ཕྱི་མོའི་བར་དུ་མ་སྤྲུལ་མཆོག་དང་གསུང་མོལ་དུ་འགོར་བ་སྣང་གསལ་གྱི་འོད་སོགས་ལ་སྟབས་རེ་སྐུ་གཟུགས་ཀྱི་གྲིབ་མ་མི་གསལ་བ་ས་ལམ་མཐོན་པོར་ཕེབས་རྟགས་ཡིན་འདུག་གསུངས་པའང་མ་སྤྲུལ་མཆོག་གི་གསུང་ལས་ཐོས། གཞན་ཡང་དབང་རྗེས་གནང་སོགས་མང་དུ་གནང་བ་སྟག་ལུང་བླ་བྲང་འདི་བཞིན་སྟོབས་འབྱོར་ཆེ་བས་འབུལ་ཚན་སོགས་ཟབ་རྒྱས་མཛད་སྐད་དང༌། དེ་ནས་ཆག་ལ་དང༌། འཕན་པོ་ཁུལ་བརྒྱུད་རང་རེའི་ཀུན་མཁྱེན་རོང་སྟོན་ཆེན་པོའི་གདན་ས་ནཱ་ལེནྡྲའམ་བོད་སྐད་དུ་དཔལ་རྒྱུན་གྱི་དབང་པོའི་ཆོས་གྲྭར་ཕེབས་བསུ་སེར་ཕྲེང་སོགས་ཟབ་རྒྱས་དང་བཅས་ཕེབས་ཏེ། བཅོ་བརྒྱད་བླ་བྲང་དུ་བཞུགས་ཏེ། གནས་གཟིགས་མང་འགྱེད་སོགས་དང༌། ཚོགས་ཆེན་དང༌། གཟིམ་འོག་གྲྭ་ཚང༌། ཁམས་ཚན་སོ་སོ་ནས་གདན་ཞུས་ཀྱིས།