R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༩༦
[A:༧༩༦]ཚེ་དབང་རྗེས་གནང༌། ཁྲུས་གསོལ་རབ་གནས་སོགས། བླ་བྲང་ཡས་མས་སོགས་ཀྱི་རེ་སྐོང་ལ་སོ་སོ་ནས་དངོས་འབུལ་ཀྱང་ཟབ་བར་བྱུང༌། ལྷ་ལྡན་དུ་གཞུང་ས་ཆེན་པོར་འཚམས་འབུལ་བ་གཏོང་གནང་མཛད་པ། རྒྱལ་ཁབ་ཆེན་པོ་ནས་གཟིགས་བཟོས་ཐུག་མེད་ཀྱིས་མཚེར་ཁང༌། སྣེ་ཤན་སོགས་བཀས་བསྒྱུར། འཕན་པོ་སྒོ་ལ་བརྒྱུད་དེ་ཕེབས་པ་ལྷ་ལྡན་དང་ཉེ་བར་སྣེ་ཤན་རྩ་དྲུང་དཀོན་མཆོག་ཟླ་གྲགས་ཕེབས་བསུར་འབྱོར་ཞིང༌། དེ་ནས་མཚེར་ཁང་དགའ་ལྡན་ཁང་གསར་དུ་ཕེབས་བཞུགས་ཀྱིས། དེ་སྐབས་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་ཐུབ་བསྟན་རྒྱ་མཚོ་མཆོག་སྐུ་གཞོན་ནུའི་དུས་དང༌། སྲིད་སྐྱོང་ཡོངས་འཛིན་རྟ་ཚག་ཧུ་ཐོག་ཐུ་བཅས་མཇལ་ཕྱག་ཏུ་ཕེབས་ཏེ། མཎྜལ་རྟེན་གསུམ་འབུལ་དངོས་སོགས་རྒྱ་གང་ཆེ་འབུལ་གནང་དང༌། གདན་ཐོབ་གསོལ་ཇ་བཞེས་འབྲས་སོགས་ཕེབས་པ་དང༌། མགྲོན་ཁང་དུ་གསོལ་སྟོན་དཀར་སྤྲོ་སོགས་བསྩལ། དེ་མཚམས་རྒྱལ་ཁབ་ནས་བསྟན་སྲིད་ཞབས་བརྟན་གནང་དགོས་བཀའ་བསྒྱུར་ཕེབས་པ་བཞིན། ཕོ་བྲང་ཆེན་པོ་པོ་ཏཱ་ལའི་ཚོམས་ཆེན་དུ་བཛྲ་ཀུ་མ་རའི་གཏོར་ཟློག་སྒྲུབ་འཕེན་ཞག་བདུན་པའི་ཐོག་འདབ་ལས་ཀྱིས་ལིངྒ་སྒྲོལ་ཆོག་སྐབས། ཞིང་བཅུའི་དགྲ་བགེགས་ཀྱི་རྣམ་པར་ཤེས་པ་དངོས་སུ་འགུགས་བསྟིམ་མཛད་པའི་རྟགས་སུ། གདན་ས་འདི་ཉིད་ཀྱི་ཕྱག་སྲོལ་ཐུན་མོང་མ་ཡིན་པ་བཞིན་དགྲ་གཟུགས་ལིངྒའི་མགོ་བོ་བཅད་འཕྲལ་པོ་ཏཱ་ལའི་ལྷོ་ཕྱོགས་རྒྱལ་སྒོའི་འོག་གི་ཧོམ་ནང་དུ་འཇུག་པར་གཏོང་སྐབས། ལིང་མགོ་བཅད་པའི་སྣོད་ནང་དུ་ཁྲག་ཉིལ་