R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༩༧
[A:༧༩༧]ཉིལ་དུ་འཁྱིལ་བ་མ་ཟད། མགོ་བོའི་བཅད་མཚམས་ནས་ཁྲག་ཆིམ་ཆིམ་དུ་ཐོན་པས་སྐྱེལ་མི་ཁོ་པ་རྣམ་རྟོག་དང༌། ཡ་མཚན་ཧ་ལས་པར་གྱུར་ཏེ་ས་དེར་ལིང་མགོ་སྣོད་བཅས་ཏབ་ཏབ་ཏུ་བོར་བས་དེའི་སར། ཁྲོམ་པ་སྐྱ་སེར་མི་མང་ཕལ་མོ་ཆེ་འདུས་པ་ཀུན་གྱིས་མངོན་སུམ་མཐོང་སྣང་དུ་གྲུབ་པས། ཐམས་ཅད་ཡ་མཚན་ཧ་ལས་ཀྱིས་གྲགས་པ་ཡོངས་ལ་ཁྱབ་ཅིང༌། དེ་འཕྲལ་ཞབས་བརྟན་དོ་དམ་ལྷན་རྒྱས་ནས་གོང་ས་མཆོད་ཡོན་གྱི་སྙན་ལམ་དུ་གནང་ཕུལ་སོགས་དགོངས་བབས་ཆེ་བ་སྒྲུབ་སྐབས་སོགས་སུ་གོང་ས་ཐམས་ཅད་མཁྱེན་པ་མཆོག་ནས་ལྗགས་སྨིན་བཞེས་སྤྲོ་ཤིང་འབྲས་སོགས། རྩེ་མགྲོན་བརྒྱུད་ཡང་ཡང་ཕེབས་སྐད་འདུག་ཅིང༌། གཞུང་ཞབས་ཁག་རྣམས་གྲོལ་ནས་ཀུན་གླིང་ནས་གདན་ཞུས་ཀྱིས་སྲིད་སྐྱོང་མཆོག་ལ་ཚེ་དབང༌། བྱད་གྲོལ་སོགས་དང༌། གཞན་ཞབས་བརྟན་འགའ་ཞིག་ཀྱང་ཞུ་གནང་སོགས་བཀུར་བཟོས་ཆེ་ཆེར་མཛད་པ། གཞན་དེ་སྐབས་སོག་པོ་བླ་མ་ཚོམས་ཁང་ཧོ་ཐོག་ཐུ་ཞེས་པ་ཕེབས་པ་དད་འདུན་རྩེ་གཅིག་པས། དབང་སོགས་མང་དུ་ཞུས་ཞིང་འབུལ་ཚན་ཀྱང་ཆེ་བ་ཕུལ། ལྷག་པར་སྔོན་དགའ་འབྲས་ཤུགས་ཆེ་སྐབས་ཚ་བ་ཞ་རར་གྲགས་པ་དེ་སྐབས་ཀུན་གླིང་ཛ་སག་ཕྱག་མཛོད་ནས། རང་གནས་སེང་གེ་ཤག་ཏུ་གདན་ཞུས་ཀྱིས་ཚེ་དབང་བྱད་གྲོལ་སོགས་མང་ཞུས་ཀྱིས་ཤག་ཚང་གྲྭ་རིགས་བཅས་ནས་དད་འདུན་རྩེ་གཅིག་པས་གསེར་བྱིའི་ཕྲེང་བ་ཆེ་ལེགས་རྒྱན་ལྡན་སོགས་སྤུས་ནམ་རྩར་འབུལ་ཚན་མང་དུ་ཕུལ་བ་དང༌། དེ་བཞིན་ཡབ་གཞིས་ལྷ་ཀླུ་དགའ་ཚལ་དུའང་གདན་ཞུས་ཤིང༌།