R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༠༡
[A:༨༠༡]རང་དགོན་མདོས་ཟབ་མའི་ཟོར་འཛིན་བགྱིད་སྐབས། མདོས་བཤམ་སྐོར། འཆམ་ཆས་གྲ་སྒྲིག་འཆམ་རྒྱུགས་དངོས་གཞི་འབག་རྒྱབ་ཏུ་ཕེབས་ཐུགས་འགན་ཆེ་བཞེས་བཀའ་དྲིན་བསྐྱངས། ཡབ་རྗེ་མཆོག་དེ་དུས་བདེ་ཆེན་བཞུགས་གཡབ་ཏུ་རྗེ་བཙུན་རིག་བྱེད་མའི་བསྙེན་པའི་ཞལ་སྦྱིན་སྲེག་མཛད་མུས་དང། རིལ་སྒྲུབ་སློབ་དཔོན་ཁོ་བོས་བགྱིས་ཏེ་བྱིན་རྒྱབ་ཏུ་རྗེ་ཉིད་ཕེབས། འདི་ལོ་ངོས་ཕུར་སྒྲུབ་སློབ་དཔོན་ཐོག་མར་བྱེད་རྒྱུར། རིལ་སྒྲུབ། ལྷ་མཆོད་སྔར་ལམ་བཞིན་ཟབ་མ་མཛད་སྐབས་དང༌། རྗེ་ཉིད་ནས་དགུན་ལོ་ཤངས་ལུགས་མགོན་དཀར་གྱི་བསྙེན་སྒྲུབ་སྦྱིན་སྲེག་སོགས་མཛད་སོང་ཞིང༌། ལྕགས་སྟག་དབྱར་མཇུག་རྗེ་བཙུན་ཀུ་རུ་ཀུ་ལླེའི་དོན་ཀུན་འགྲུབ་པའི་རིལ་སྒྲུབ་སོགས་མཛད་ཅིང༌། ཡོས་ལོའི་དཔྱིད་ནས་སྒྲོལ་ཕོའི་ཨར་པོ་ཚུགས་ཤིང༌། དབྱར་ངོས་རང་དྲུང་མགོན་བཅས་ཚ་བྱང་ཕུར་རི་སོགས་ལ་བསྐྱོད་སྐབས་དང༌། ཟླ་བ་བཅུ་གཅིག་པའི་ནང་སོག་པོ་མང་སླེབ་ཀྱིས་ཆུ་ཚོད་བྱིའུ་མ་གསེར་བྱེ་ཕྲེང་བ་རྒྱ་དངུལ་རྟ་རྨིག་མ་གཡང་ཏྲིའི་སྤྱད་པ་སོགས་མང་དུ་ཕུལ་ཞིང༌། དབང་བཀའ་རྗེས་གནང་གི་རིགས་ཀྱང་མང་དུ་བསྩལ། ཆུ་འབྲུག་ངོས་རང་ཕྱག་ཟུར་འཇམ་དབང་བཅས་བཀའ་འབྲེལ་དབུས་བྱ་རིགས་ཁུལ་སོགས་ལ་བསྐྱོད་སྐབས་དང༌། དེ་སྐབས་སྒྲོལ་ཕོའི་ཨར་ལས་ཞལ་བ་ཚོན་རྩི་ཕལ་ཆེར་ཟིན་རབ་གནས་རབ་སྟོན་སོགས་གནང་ཚུལ་གོང་ཡབ་རྗེའི་རྟོགས་བརྗོད་སྐབས་བཞིན། འདི་ལོ་སྐྱོར་མོ་ལུང་བ་དེང་སེང་སོགས་ནས་ལྷ་མོ་འཁྲབ་པར། འགྲོ་བ་བཟང་མོ། ལྷག་པར་