R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༠༢
[A:༨༠༢]པངྨ་འོད་འབར་ཞེས་སློབ་དཔོན་ཆེན་མོའི་འདྲ་ཚད་པ། རྒྱལ་པོ་སྡིག་ཅན་གྱིས་གསོན་པོ་མེར་སྲེག་བཏང་བ། ཞག་ཤས་ནས་པད་སྡོང་ལས་སྐུ་འཁྲུངས་པ་སོགས་རྒྱུན་པར་མེད་སྟབས། མིག་འཕྲུལ་ལྟ་བུར་ཚང་མ་ལྟད་མོ་ཆེ་བ་བྱུང་ལུགས་ཟེར་ཡང། བརྟགས་ན་རྩེད་བཀྲ་འདི་བཞིན་གང་འཚམ་ཞིག་ཡིན་པར་མངོན་ནོ། །ཆུ་སྦྲུལ་དགུན་ལོ་ངོས་འགྲུལ་ནས་འཁོར་ནས་ཀྱང་གཞི་ཐོག་ས་སྐྱར་ལྷ་མོ་ཚར་གཅིག་འཁྲབ་སོང༌། དེ་ལྟ་བུའི་བདག་ཅག་གི་བླ་མ་ཁུ་དབོན་རིན་པོ་ཆེ་འདི་ཉིད་ཀྱིས་སྐུ་གཞོན་ནུའི་དུས་ནས་བཟུང༌། ཡི་དམ་འབྱུང་པོ་འདུལ་བྱེད་དང༌། དགེས་པ་རྡོ་རྗེ། རྡོ་རྗེ་ཕུར་པ། རྗེ་བཙུན་རིག་བྱེད་མ། མགོན་དཀར་ཡིད་བཞིན་ནོར་བུ། རྡོ་རྗེ་གུར་གྱི་མགོན་པོ། གཉན་མགོན་ཞལ་བཞི་པ་དུས་གྲངས་ཀྱི་བསྙེན་པ་མཐར་ཕྱིན་པར་མཛད་ཅིང༌། མཚན་མའི་བསྙེན་རྟགས་ངོ་མཚར་ཅན་ཡང་ཡོང་བ་གཞིར་གྲུབ་ཀྱང༌། རྣམ་ཐར་ཟིན་བྲིས་སོགས་མེད་སྟབས་འབྲི་རྒྱུས་ཕོངས་ཤིང༌། ཁྱད་པར་གཉན་མགོན་ཞལ་བཞི་པའི་བསྙེན་སྒྲུབ་མཛད་སྐབས། འགྲོ་མགོན་དབང་སྡུད་སྙིང་པོའི་རྣམ་ཐར་བཞིན་ཐོག་དང་འཇའ་ཚོན་དང༌། རྦབ་བསྐུལ་བ་ལྟ་བུའི་ལྡིར་སྒྲ་དང་གཟིམ་ཁང་ཡོམ་པ་ལྟ་བུ་གཞུང་ནས་བཤད་པའི་ཆོས་སྐྱོང་འགོ་བའི་རྒྱུན་གཏན་བྱུང་བ་དང༌། སྟེང་དུ་ཨ་ལྕེ་བཞུགས་པ་ལ་ཆོ་འཕྲུལ་ཆེར་བྱུང་བ་འདི་ལ་གཏོར་གདུགས་ཕུལ་ན་འཕྲིན་ལས་འགྲུབ་འོང༌། མནལ་ལམ་དུ་གྲྭ་པ་ཞིག་ནས་སྐུ་མཚམས་ཁང་དུའང་གཏོར་གདུགས་འབུལ་གནང་དམ་བསྐང་སྐབས་གཏོར་གདུགས་གྲུལ་རྩེ་སྣ་ལྔས་ཕུལ་