R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༠༥
[A:༨༠༥]བཅས། གདན་དྲངས། མཁན་ཁྲི་ནས་དུས་མཐའི་ཆོ་གའི་སྒོ་ནས་སྤུར་ཞུ་དང༌། དེ་ནུབ་རྒྱས་བཏབ། ཞག་ཤས་ནས་གདུང་རུས་རྣམས་བསྡུས་ཏེ་སྒྲོལ་ཕོར་སེར་ཕྲེང་མཆོད་ཕྲེང་མཆོད་ཚོགས་བཅས་སྔར་བཞིན་གདན་དྲངས་ཏེ། མཆོད་ཚོགས་དབུས་སུ་བཞུགས་ཏེ་བླ་མཆོད་སོགས་སྔར་བཞིན་དང༌། གོང་སྤུར་མཆོད་ཉིད་གདན་ས་འདི་ཉིད་ཀྱི་མཆོད་ཁང་རྣམས་སུ་སྣ་ལྔའི་སྟོང་མཆོད་ཚོགས་ཆེན་ལ་མང་ཐུག་འགྱེད་བཅས་དང༌། མུ་ཏོ་བར་སྦྱིན་གཏོང་སོགས་རྒྱ་ཆེ་བར་མཛད། གཞན་ཡང་དགུང་ནམ་མ་རྫོགས་བར་ལ་ལྷོ་བྱང་ཚོགས་ཡོངས་ནས་ཞོགས་ལྟར་རེ་བཞིན་ཐམས་ཅད་རིག་པའི་ཆོ་ག་གནང་བར་བསྙེན་བཀུར་འགྱེད་བཅས་གྱ་ནོམ་དང༌། སྐུ་ཚིགས་བཞི་པ་དང༌། དགུང་རྫོགས་ཉིན་རྣམས་ལ་སྟོང་མཆོད་གོང་བཞིན་དང༌། ཆུ་སྟོད་ཟླ་ནང་སྒྲོལ་ཕོར་ཡབ་རྗེ་རྡོ་རྗེ་འཆང་ནས་སློབ་དཔོན་མཛད་པའི་བན་ཚང་པ་སྡེ་ཚོགས་ནས་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་ཞག་བདུན་བྱང་གཏེར་ཚེས་བཅུའི་མཆོད་ཚོགས་བརྒྱ་བཅས་པ། གོང་སྐུ་སྤུར་ཕེབས་ཉིན་ཡབ་རྗེ་རྡོ་རྗེ་འཆང་ནས་གང་གི་མཚན་བྱང་སྲེག་སྦྱངས་དང་ཡབ་རྗེ་བཀྲ་ཤིས་རིན་ཆེན་གྱིས་སྐུ་གདུང་དྲུང་དེ་བཞིན་མཛད་པོ་དཔོན་སློབ་དང༌། གཞན་ཡང་གོང་ས་ཡས་ཕྱིན་སོགས་ཕྱོགས་ཀྱི་ཆེ་ཆུང་ཁག་རིས་མེད་དགོན་སྡེ་བཅས་པར་བསྔོ་རྟེན་མང་འགྱེད་ས་ལུགས་རྣམས་ལ་ཅུང་ཟབ་པ་བཅས་དང༌། ཤིང་ལུག་དེ་ཉིད་ཀྱི་ནང་རྟེན་དུ་གུ་རུ་རིན་པོ་ཆེའི་སྣང་བརྙན་བྱིན་རླབས་ཀྱི་གཟི་འོད་འབར་བ་རིན་པོ་ཆེ་དང་གཉིས་ལ་གྲུབ་པ་ལྷ་ཁང་རྟེན་བརྟེན་པ་གསར་བསྐྲུན།