R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༠༦
[A:༨༠༦]དེ་ཉིད་ཀྱི་ནང་བཞུགས་གཙོ་བོ་ཐིལ་གཡབ་སྟེང་འཇམ་མགོན་ཨ་མེས་ཞབས་ཀྱི་སྨན་སྐུ་ངོ་མཚར་ཅན་གཙོ་བོར་བཞུགས་ཤིང༌། དེ་ཉིད་ཀྱི་གདུང་རུས་བཏུལ་མའི་རྩ་གསུམ་གྱི་ལྷ་ཚོགས་དབང་ལྷ་སྐོར་གསུམ་གྱི་སྤར་སྐུ་རྣམས་ལ་གསེར་མཚལ་གྱི་ན་བཟའ་ཅན་སོགས་རིང་བསྲེལ་རྣམ་བཞི་གཟུངས་ཀྱིས་བཀང་བ་བཅས་ལེགས་ཟིན་གྱིས། ཡབ་རྗེ་རྡོ་རྗེ་འཆང་མཆོག་ནས་རྡོ་རྗེ་ཕུར་པའི་སྒོ་ནས་རབ་གནས། རབ་སྟོན་གོས་སྐུ་ཞལ་ཕྱེ་སོགས་ཟབ་རྒྱས་མཛད་ཅིང༌། ལོ་དུས་ཀྱི་མཆོད་དུ་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་སེར་འདུ་བཅས་ལོ་ཤས་གནང་དུས་ཕྱིས་མཆོད་ཕྲེང་སོགས་རྩེ་ཆོས་སུ་དགོན་དེར་སྒྲུབ་མཆོད་བསྐྱངས་ཚུལ་བཅས་ཀྱིས་ཁུ་དབོན་རིན་པོ་ཆེ་དཔལ་ཆེན་གསང་བའི་བདག་པོའི་རྣམ་ཐར་སྒྲོ་སྐུར་གྱིས་དབེན་པ་ཅུང་ཟད་བརྗོད་ཟིན་ནོ། ། ཡབ་རྗེ་རྡོ་རྗེ་འཆང་སྐུ་མཆེད་ཀྱི་ཨ་ལྕེ་དྲུང་སྒོ་དཔེ་རྗེ་བཙུན་དམ་པའམ་སྒོ་སྤེ་ཨ་ལྕེ་མར་གྲགས་པ་སྔོན་དུས་སྐུ་ཡོན་སོགས་ལ་བརྩོན་པ་དང༌། མདོ་སྨད་ཕྱོགས་ཀྱི་འཇམ་མགོན་མཁྱེན་བརྩེ་སོགས་ལ་གསན་བསམས་ཀྱང་ཅི་རིགས་མཛད་ཅིང་དུས་ཕྱིས་སྐུ་རླུང་ལྟ་བུའི་སྙུན་གྱིས་ཟིན་པས་དགུང་གྲངས་སུམ་ཅུར་གཤེགས་པའི་ནང་རྟེན་དབུ་རྩེར་ལམ་འབྲས་བླ་རྒྱུད་ཞལ་སྐོང༌། ཐེག་ཆེན་བཀྲ་ཤིས་རིན་ཆེན་གྱི་སྣང་བརྙན་རིན་ཆེན་གཉིས་པ་ལས་གྲུབ་པ་འདི་ཉིད་དང༌། སྐུ་མཆེད་སྲིང་མོ་བགྲེས་པ་ཚེ་ལྷ་དབང་མོ་ཞུ་བ་ཞབས་ལྷོར་བཞུགས་ཤིང་ཉམས་བཞེས་ལ་བརྩོན་པ་དེ་ཉིད་ཀྱི་ནང་རྟེན་དུ་སྒྲོལ་སྟེང་ནས་བཞེངས་པའི་ས་པཎ་གྱི་དངུལ་སྐུ་ཞབས་ལྷོ་རང་ན་བཞུགས། སྐུ་སྲིང་