R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༠༧
[A:༨༠༧]མོ་ཆུང་བ་པདྨ་དབང་མོ་ཞབས་བྱང་རྗེ་བཙུན་བཞིན་རས་ཀྱང་ཕག་གདོང་དངོས་དང་འདྲ་བ། སྐུ་རྒྱབ་ལྟག་པར་ཕག་ཟེ་ཡོད་པ་སོགས་ཡབ་རྗེ་ཐེག་ཆེན་བཀྲ་ཤིས་རིན་ཆེན་མཆོག་ནས་རྡོ་རྗེ་ཕག་མོའི་རྣམ་འཕྲུལ་ཡིན་པར་གསུངས་ཤིང༌། རྒྱུན་ཆོས་སྲིད་གང་ཡང་མི་མཁྱེན་པའི་ཚུལ་གྱིས་སྦས་པའི་རྣལ་འབྱོར་གྱིས་ཐུགས་དམ་ཉམས་བཞེས་ལ་བརྩོན་པ། གཤེགས་པའི་ཚེ་ཉེ་འཁོར་དུ་དྲི་བཟང་པོས་ཁྱབ་པ་དང༌། བུད་མེད་ལྟ་བུའི་གླུ་དབྱངས་སིལ་ལིལ་སྙན་པའི་སྒྲ་སྣ་ཚོགས་ཐོས་པ་སོགས། ལྟས་ངོ་མཚར་བཅས་ཏེ་ཞིང་བརྗེས་པ་ཞབས་འཇུག་དགོངས་རྫོགས་སོགས་གང་ཡོང་ཞུས་ཏེ། ནང་རྟེན་དུ་ཏཱ་རེ་དཀར་མོའི་སྣང་བརྙན་རིན་ཆེན་གཉིས་པ་ལས་གྲུབ་པ། པད་གདན་དར་ལྷུག་རྣམས་གསེར་ཟངས་དང༌། ནོར་རིགས་ཀྱི་ཕྲ་རྒྱན་དང་སྐུ་རྒྱན་དུ་ཚར་བ་ངོས་རང་ནས་རབ་གནས་ཞུས་ཏེ་སྒྲོལ་ཕོར་བཞུགས་པ་བཅས། གཅུང་པོ་ཁུ་དབོན་རིན་པོ་ཆེ་ཉིད་བཅས་སྐུ་ཐོག་འདིར་གཙུག་ལག་ཁང་ཉམས་བཟོ་གནང་གྲས་ཤག་གཙང་ཤར་ནུབ། མངོན་བདེ། མཐོང་དོན། འཁོན་སྐུ་འབུམ་རྣམས་ཀྱི་སྐྱ་ཤིང་གསར་བརྗེས་སྤེན་པད་གསར་བརྗེ་སོགས་དང༌། ལྷ་ཆེན་དཔོན་ཆེན་ཨག་གླན་གྱིས་བཙུགས་པར་གྲགས་པའི་ཐོག་འཕར་ཀ་བ་བཅུ་གཉིས་ཕལ་ཆེར་དང༌། ཁྱམས་ལྷོ་བྱང་རྣམས་ཀྱི་ཕྱི་ཡི་ཀ་བ་རྣམས་དང༌། གཡབ་རིང་བཅས་སེང་ལྡེང་སྒོ་གྲ་ཕྱི་མ་སྲིད་པའི་འཁོར་ལོ་སོགས་ཀྱི་ཚོན་རྩི་གསར་བསྐྲུན་འདི་རྣམས་དང༌། རྗེས་སུ་མ་ཡུམ་མཆོག་ནས་ངོ་མཚར་རྟེན་བཞིའི་གྲས་གཡུ་ཁར་མོ་ཆེའི་སྒྲོལ་མའི་བཞུགས་ཁང་གསར་བསྐྲུན་