R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༠༨
[A:༨༠༨]ལ་གསེར་ཟངས་ཀྱི་བཞུགས་ཁྲི་རྒྱབ་ཡོལ། འཁོར་སྒྲོལ་མ་ཟུང་གསེར་ཟངས་སྔོན་བཞིན་སོགས་དུས་ཕྱིས་ཡུམ་གྱི་ནང་རྟེན་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས་གསེར་ཟངས་ལས་གྲུབ་པ་རིང་བསྲེལ་རྣམ་བཞི་སྤྱི་དང་བྱེ་བྲག་མ་ཡུམ་དེ་ཉིད་ཀྱི་ཐུགས་དམ་རྟེན་ཁྱད་བྱང་རྟེན་གྲས་ལོ་གནས་སྤྱན་སྔ་ཀུན་དགའ་དོན་གྲུབ་ནས་འཇམ་མགོན་ཨ་མེས་ཞབས་གསུང་བྱོན་མར་སྒྲོལ་མ་སོགས་བཞུགས་ཚོད་དང༌། རྣམ་རྒྱལ་སྔ་མོའི་མཆོད་རྟེན་དང་རྒྱ་ཁུབ་རྩི་ལྷ་ཁང་སྒོ་མཆོར་སོགས་གསར་བསྐྲུན་དང༌། དབུ་རྩེར་ཡུམ་གྱི་ན་བཟའ་སོགས་ཀྱི་ཐོག་ནས་མཆོད་རྫས་ཀ་འཕན་ཤམ་བུ་སོགས་འཇམ་དབྱངས་གཟི་འོད་འབར་བ་དབུ་རྒྱན་དང་སྐུ་རྒྱན་སོགས་ཚར་དུ་དངར་བ་རྟེན་གཙོ་བྱིངས་རྣམས་ལ་བཞུགས་སྒམ་ལྡེབས་བྲིས་སོགས་གསར་སྐྲུན་མཛད་པ་མང་དག་བཅས། ད་ལྟ་མིག་སྔར་གནང་བ་འདི་རྣམས་ལགས་སོ། །དེ་རྣམས་ཀྱིས་འཇམ་མགོན་བཀྲ་ཤིས་རིན་ཆེན་ཡུམ་ཡབ་སྲས་དང་བཅས་པའི་ལོ་རྒྱུས་རྣམ་ཐར་མདོར་བསྡུས་ཙམ་སྨོས་ཟིན་ཏོ། ། ༤ ངག་དབང་ལྷུན་གྲུབ་རྒྱལ་མཚན། དེ་རྗེས་བདག་ཅག་གི་སྐྱབས་མཆོག་མཚུངས་མེད་རིགས་བརྒྱའི་ཁྱབ་བདག་ཀུན་དགའ་སྙིང་པོ་མཆོག་དང༌། ཡུམ་མཆོག་ལྷ་རི་རྩེ་མ་ཚེ་དབང་རིག་འཛིན་ཟུང་གི་རིགས་སྲས་ངོས་རང་མཆེད་སྤུན་དྲུག་ཙམ་ལས། རྒན་འགོ་ནི་ངོས་རང་ངག་དབང་དྲག་ཤུལ་འཕྲིན་ལས་རིན་ཆེན་ཞེས་མིང་ཆེ་ཡང་