R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༡༢
[A:༨༡༢]བླར་ཕེབས་ཏེ་འབྱུང་འགྱུར་གྱི་བསྟན་སྲིད་ཀྱི་བགྱི་བར་ཐུགས་གཞོལ་མུར་བདག་མེད་དེ་ཉིད་ལ་རིགས་སྲས་ཁྱད་འཕགས་གཉིས་ཙམ་འཁྲུངས་ཀྱང༌། བསྟན་གེགས་ལྟ་བུས་ཡུམ་སྲས་ཚང་མ་ཞིང་ཕེབས་ཀྱིས་མ་བཞུགས་མུར། གཅུང་པོ་ཡབ་ཉིད་ཀྱང་དགུང་གྲངས་སོ་བརྒྱད་པ་ཆུ་གླང་དབོ་ཟླའི་ཚེས་ལ་པདྨ་འོད་དུ་སྐུའི་བཀོད་པ་བསྡུས་པར། དགོངས་རྫོགས་སོགས་མ་ཡུམ་མཆོག་ཏུ་སྙན་སེང་གིས་རྩེ་བླ་ནས་བསྒྲུབས་ཐོག ནང་རྟེན་སློབ་དཔོན་ཆེན་པོའི་སྣང་བརྙན་རིན་པོ་ཆེ་གཉིས་པ་ལས་གྲུབ་པ་ཕལ་ཐོག་ཚད་ཙམ་གྱི་ནང་གཟུངས་སུ། སྔོན་དུས་རྩེ་བླ་སོག་པོར་ཤོར་ཏེ་དཔོན་མོ་ཆོས་སྐྱིད་ནས་བཟུང་སྐབས་ཇུན་གར་ཐོན་སྐབས། སློབ་དཔོན་དང་གསང་སྔགས་རྙིང་མ་ལ་ཁོ་རྣམས་ཤིན་ཏུ་སྡང་ཟུག་ཆེ་བས་སྔོན་དུས་རྩེ་གདོང་བདག་ཆེན་གོང་མས་བཞེངས་པའི་གུ་རུ་མཚན་བརྒྱད་ཀྱི་སྨན་སྐུ་བྱིན་ཅན་རྣམས་བཤིག་དོགས་ཀྱིས་དེ་སྐབས་ཀྱི་རྩེ་གྲྭ་རྣམས་ནས་དཔལ་ཁུད་མཚོ་ཞེས་པར་བསྐུར་བ་ལས་གུ་རུ་ཤཱཀྱ་སེང་གེའི་སྐུ་དེ་བཞིན་ཐུབ་སྐུ་ཡིན་རྒྱུར་བྱས་ཏེ་ལུས་པ། བྱིན་ཅན་དེ་ཉིད་གཙོ་བོར་བཞུགས་པའི་ནང་གཟུངས་དེ་ཉིད་ཀྱི་གདུང་རུས་བཏུལ་བ་ལ་སྤར་བའི་སྣང་བརྙན་སོགས་རིང་བསྲེལ་རྣམ་བཞིས་ཕྱུར་བུར་བཀང་བ་དང༌། བདག་མོའི་ནང་རྟེན་གསེར་ཟངས་ཀྱི་ཨརྱ་ཏཱ་རེའི་སྣང་བརྙན་སྐུ་ཚད་གོང་འདྲ་དང༌། རྩེ་ཆོས་ན་བཞུགས་ཤིང༌། གདུང་སྲས་ཟུང་གི་ནང་རྟེན་ཐུབ་སྐུ་སོགས་རིན་ཆེན་སྒང་ན་བཞུགས་པ་རྣམས་རབ་གནས་ཀྱང་ལེགས་པར་ཟིན་པ་དང༌། སྐུ་ཆས་རྣམས་ཀྱང་ཕལ་ཆེར་རྩེ་བླ་སོགས་སུ་སྦྱོར་འཇགས་