R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༡༣
[A:༨༡༣]དང༌། ལོ་དུས་དགོངས་རྫོགས་ཁུ་དབོན་རིན་པོ་ཆེ་གསང་བའི་བདག་པོ་དང་ལྷན་ཅིག་ཏུ་དབོ་ཟླའི་ནང༌། རྩེ་ཆོས་གྲྭ་ཚང་ཚོགས་ཆེན་ནས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད་ཞག་བདུན་དུས་ཆེན་ཉིན་འདི་གའི་མཆོད་ཕྲེང་རྣམས་དེ་སྦྱོར་གྱིས་ཞབས་སྐོར་སོགས་རྒྱས་པར་མཛད་པ་དེ་དུས་ཀྱང་ཆག་མེད་ཚུགས་སོ། །ཞེས་པ་རྣམས་ཀྱི་མཆེད་ཟླ་གཅུང་པོ་ངག་དབང་ལྷུན་གྲུབ་རྒྱལ་མཚན་གྱི་རྣམ་ཐར་སྒྲོ་སྐུར་བྲལ་བ་རགས་འདུས་སོ། ། ༥ འཇམ་དབྱངས་ཐུབ་བསྟན་བཟང་པོ། མཆེད་ཟླ་གཅུང་པོ་གདུང་སྲས་འཇམ་དབྱངས་ཐུབ་བསྟན་བཟང་པོ་ནི། ཡབ་རྗེ་རྡོ་རྗེ་འཆང་དགུང་གྲངས་སོ་དྲུག་ཏུ་ཕེབས་པ་ས་སྐྱོང་ཞེས་པ་ཤིང་བྱ་རྟ་ཟླའི་ཚེས་བཅོ་བརྒྱད་ལ་ཡུམ་ལྷ་ཆེ་བ་དེ་ཉིད་ལ་བལྟམས། ཡབ་རྗེ་མཆོག་ནས་འཇམ་དབྱངས་ཐུབ་བསྟན་བཟང་པོ་འཇིགས་བྲལ་བདུད་འདུལ་དབང་གི་རྒྱལ་པོ་ཞེས་མཚན་གསོལ་ཏེ། བརྟན་བཞུགས་ལྗགས་རྩོམ་དང་འཁྲུངས་བསངས་བཅས་ཟབ་ཏུ་མཛད་ཅིང༌། གཞོན་ནུའི་དུས་ནས་བཟུང་འཆད་པ་དང་རྩོམ་པ་ལ་ཐོགས་པ་མི་མངའ་ཞིང་འབྲི་ཀློག་སོགས་བརྡ་བསྟན་པ་ཙམ་གྱིས་མཁྱེན་པ་དང༌། ཡབ་རྗེ་མཆོག་ནས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་བ་བསྩལ་ཏེ། དགུང་གྲངས་བདུན་པར་རྩ་རྒྱུད་བརྟག་གཉིས་རྒྱུགས་འབུལ་གྱིས་རྒྱུད་འདོན་ཟབ་མའི་ཚོགས་དབུར་ཕེབས་ཤིང༌། དེ་བཞིན་དགུ་པར་ཕུར་སྒྲུབ་ཚོགས་དབུས་དང་གར་འཆམ་