R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༡༤
[A:༨༡༤]སོགས་ཀུན་གྱི་ཡིད་འཕྲོག་པར་མཛད། གཞན་ཡང་ཡབ་མེས་གོང་མའི་ཕྱག་ལེན་བཞིན། ཀྱཻ་རྡོ་རྗེ་སོགས་རྒྱུད་སྡེ་ཁག་གི་རྒྱུགས་སྤྲོད་ཚོགས་ཕེབས་སོགས་མཐར་ཕྱིན་པར་མཛད་ནས། དགུང་གྲངས་བཅུ་གཅིག་པར་བཀའ་འབྲེལ་བཞིན་ངོས་རང་ནས་མཆོད་ཐེངས་བཞི་པའི་སྐབས་གདུང་སྲས་གཅུང་པོ་ཉིད་དང༌། ཆོས་སྡེ་ལྷོ་བྱང་ཆོས་ལྷུན་པ། མདོ་སྨད་རི་ཁུད་པ། ཟུར་སྦུག་ལྷ་འབྲི་བ་སོགས་བདུན་ཅུ་སྐོར་ལ། འཇིགས་བྲལ་རྣལ་འབྱོར་དབང་ཕྱུག་གི་བཞེད་གཞུང༌། རྒྱལ་གསུང་མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ། གསུང་ངག་རིན་པོ་ཆེའི་ཚོགས་བཤད་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་སྟེང་ནས། སྔོན་འགྲོ་སྣང་གསུམ་ཁྲིད་དང་ཆོས་འབྱུང་ཁོག་ཕུབ་སོགས་ཀྱི་བཤད་པ་བླ་བརྒྱུད་རྣམ་ཐར་འཇམ་མགོན་ཨ་མེས་ཞབས་ཡན་གྱི་རྣམ་ཐར། བརྒྱུད་པའི་ཁྱད་པར་ཉམས་ལྡན་གྱི་སེམས་བསྐྱེད་ཆེན་མོ་ལྷ་ཆེན་ཕུར་ཁང་དུ་གོས་སྐུ་དང༌། གསུང་ངག་བླ་བརྒྱུད་ཚེམ་གྲུབ་པའི་གོས་ཡོལ་ཆེན་མོ། ཞལ་དབྱེ་བ་སོགས་ཟབ་མ་དང་བཅས། དེ་ཉིད་སློབ་མ་རྗེས་འཛིན་བཅས་ངོས་རང་ནས་བསྙེན་པ་ཁ་གསོ་ཞག་བདུན་སློབ་མ་རྣམས་ནས་བསགས་སྦྱངས་ཀྱིས་ཉམས་ལེན། དེ་ནས་རྒྱུ་དུས་ཀྱི་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཕྱག་ཆ་དང་མཆོད་ཆས་ཟབ་པ་ཆོག་གྲ་དང་བཅས་ཕུལ་བ་དང༌། དེའི་སང་ནས་རྒྱུད་གསུམ་སྔོན་འགྲོ་རྣམས་དང༌། དངོས་གཞི་ལྟ་ཁྲིད་སྐབས་དམ་ཚིག་རྣམ་བཤད་བུམ་དབང་གི་བསྐྱེད་རིམ་སྐབས་ཕྱི་ནང་བསྐྱེད་རིམ་རྣམ་བཤད་རྣམས་ཀྱང་མཁན་ཆེན་ངག་ཆོས་གསུང་བཞིན་དང༌། ལམ་དུས་ཀྱི་