R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༢༧
[A:༨༢༧]ཆེན་པོའི་དབྱིངས་སུ་གཟུགས་སྐུའི་བཀོད་པ་བསྡུས་འཕྲལ། ངོས་རང་ལ་ཡང་ཡོང་དགོས་ཚུལ་བརྗོད་པ་དེ་འཕྲལ་ཕྱིན་ཀྱང་སྐུ་ཡི་བཀོད་པ་བསྡུས་ཟིན་པས། བྱ་ཐབས་བྲལ་བས་ངོས་རང་ནས་འདའ་ཁ་མ་གང་ཡོང་གསལ་འདེབས་ཀྱིས་འབུལ་ཁུལ་བྱས་ཤིང༌། དེ་ནས་མཆེད་ཟླ་རྗེ་བཙུན་དངོས་དབང་ལགས་དང་མཛོད་པ་བཅས་ནས་དགོངས་རྫོགས་སྐོར་སོགས་ཀྱི་མི་ཤེས་བསླབ་འདོན་དང་རོགས་བྱེད་དགོས་ཚུལ་གསུངས་པ་བཞིན། ངོས་རང་གསོལ་འདེབས་ཚིགས་བཅད་མ་སོགས་གསར་རྩོམ་དང༌། དེ་ཉིན་ཚོགས་སུ་མང་ཇའི་ཐོག སྐུ་སྤུར་ལོངས་སྐུའི་ཆས་ཀྱིས་སྤྲད་པའི་སྐུ་མདུན་དུ་ཐུགས་དམ་འཛིན་མི་མཆོད་ཚོགས་དང་བཅས། བླ་མཆོད་པ་ཚེས་གནམ་གང་ཉིན་དབུ་རྩེར་ཆོས་སྡེ་ལྷོ་བྱང་དང༌། འདི་གའི་གདུང་སྲས་སྐུ་གཞོན་རྗེ་རྣམས་ནས། སེར་ཕྲེང་མཆོད་ཚོགས་ཀྱིས་སྐུ་གདུང་རིན་པོ་ཆེ་འགྱོགས་བྱམས་ལ་གདན་ཞུས་ཀྱིས་ལྷ་ཆེན་མཁན་པོ་སོགས་ནས་དུས་མཐའི་གཞུང་ནས་བཤད་པ་བཞིན་སྤུར་སྦྱོང་མཛད་གྲུབ་པ་དེ་ཉིན་ཚོགས་སྐོར་རྒྱས་བཏབ་སྟེ། ཉིན་ཤས་ནས་བཤིག་པ་གདུང་རུས་ཡིག་འབྲུ་སོགས་ཀྱི་རང་བྱོན་མང་འཁྲུངས་བཅས་གདུང་རུས་རྣམས་བསྡུས་ཏེ། སྔར་ལྟར་མཆོད་ཚོགས་སེར་ཕྲེང་དང་བཅས་སྒྲོལ་སྟེང་དུ་གདན་ཞུས་མཆོད་ཚོགས་དབུས་དེ་བཞིན་བཞུགས་སུ་གསོལ་ཞིང༌། གོང་སྐུ་སྤུར་ཕེབས་ཉིན་ལྷ་ཆེན་ངོ་མཚར་རྟེན་བཞིས་མཚོན་གཙུག་ལག་ཁང་རྣམས་སུ་སྣ་ལྔའི་མཆོད་པ་སྟོང་ཚར། རྟེན་གཙོ་རྣམས་ལ་སྙན་དར་ཚོན་སྣ་རྣམས་ལ་ངོས་རང་ནས་གསར་རྩོམ་གྱིས་དགོངས་རྫོགས་འདོད་