R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༢༩
[A:༨༢༩]རིན་ཆེན་ནས་སློབ་དཔོན་གནང་བའི་ཆོག་གྲ་བཅོ་ལྔ་སྐོར་ནས་དགོངས་རྫོགས་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་ཞག་བདུན་དང༌། མཆོད་པ་དང་བསྙེན་བཀུར་ཟབ་མ་བཅས་ཤིང་རྟ་ལོ་ཁུ་དབོན་རིན་པོ་ཆེ་དགོངས་རྫོགས་སྒྲུབ་གཞུང་ཇི་ལྟ་བ་དེང་སྐབས་དངུལ་ཁྱད་སོགས་བརྩིས་པའི་ལྷག་པ་བཅས་བསྒྲུགས་པ་ཞིབ་པར་གཞུང་ཐོ་ཟུར་ཡོད་བཞིན་དང༌། ནང་རྟེན་དུ་རྒྱལ་བ་ཚེ་མཐའ་ཡས་ཀྱི་སྣང་བརྙན་ཁྲི་གདན་པད་སྡོང་རྒྱབ་ཡོལ་བཟོ་ཁྱད་ངོ་མཚར་བ། གསེར་ཟངས་ལས་གྲུབ་པ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན་དང་སྐུ་རྒྱན་ཅན། ནང་གཟུངས་སུ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་སྐུ་བརྙན་དེ་ཉིད་རང་གི་ཕྱག་ནས་མ་གཙོ་བོར་བཞུགས་ཤིང༌། དེ་ཉིད་རང་གི་གདུང་རུས་བཏུལ་པ་ལས་སྤར་བའི་བླ་མ་ཡི་དམ། སངས་རྒྱས། བྱང་སེམས། ཆོས་སྲུང་ནོར་ལྷའི་སྐུ་མང་དུ་བཞུགས་པ་ལ་གཟུངས་ཆེན་སྡེ་བཞི་སོགས་དབུ་ཞབས་བར་གསུམ་གྱི་དཔེ་གཟུངས་མ་ཚང་མེད་པ། གནོད་སྦྱིན་ཕོ་མོའི་འཁོར་ལོས་མཐའ་བརྟན་པ་ཕུལ་ཏེ། ངོས་རང་ནས་རབ་གནས་རྒྱས་པར་བགྱིས་ཏེ་སྒྲོལ་མ་ལྷ་ཁང་གི་ཚེ་ལྷ་འོག་ཏུ་སྒོ་དང་མཆོད་ཁྲི་སོགས་ཅུང་ཟད་བསྒྱུར་པའི་དབུས་སུ་ཞལ་ལྷོ་བསྟན་དུ་མཆོད་ཚོགས་དང་བཅས་བཞུགས་སུ་གསོལ་བ། དེ་རྣམས་ཀྱིས་གཅུང་པོ་འཇམ་དབྱངས་ཐུབ་བསྟན་བཟང་པོ་འཇིགས་བྲལ་བདུད་འདུལ་དབང་གི་རྒྱལ་པོའི་རྣམ་ཐར་མདོ་ཙམ་སྒྲོ་སྐུར་དང་བྲལ་བ་བརྗོད་ཟིན་ཏོ། །