R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༣༠
[A:༨༣༠]༦ ཀུན་དགའ་གྲགས་པ་བློ་གྲོས། དེ་ནས་དེ་ཉིད་ཀྱི་གཅུང་པོ་གདུང་སྲས་ཀུན་དགའ་གྲགས་པ་བློ་གྲོས་ནི། ཡབ་རྗེ་རྡོ་རྗེ་འཆང་དགུང་གྲངས་སོ་དགུར་ཕེབས་པ་ཀུན་འཛིན་གྱི་ལོ་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཉི་ཤུ་ལྔ་ལ་བལྟམས་ཤིང༌། ཡབ་རྗེ་རྡོ་རྗེ་འཆང་ནས་འཁྲུངས་བསངས་རྒྱས་པ་ངག་དབང་ཀུན་དགའ་གྲགས་པ་བློ་གྲོས་སུ་མཚན་གསོལ་བར་མཛད། བརྟན་བཞུགས་བཅས་བསྩལ་ཏེ། བཅོམ་ལྡན་འདས་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དུ་སྨིན་བྱེད་བསྩལ། དཔོན་སློབ་འབྲི་ཀློག་སོགས་ནས་རིམ་བཞིན་ཡབ་མེས་གོང་མའི་ཕྱག་སྲོལ། རྩ་རྒྱུད་བརྟག་གཉིས་སོགས་རིམ་གནང་གིས་རྒྱུན་འདོན་ཕུར་སྒྲུབ་སོགས་ལ་ཕེབས་ཤིང༌། བར་སྐབས་མ་ཡུམ་མཆོག་དང་ལྷན་གཅིག་ལྷ་ལྡན་ཕྱོགས་ལ་ཕེབས་ཏེ། ལོ་གཅིག་ལྷག་ཙམ་བཞུགས། སླར་གདན་སར་ཕེབས་ཏེ། བཀའ་འབྲེལ་ངོས་རང་ལམ་འབྲས་འཆད་པ་ཐེངས་དྲུག་པའི་སྐབས་གདུང་སྲས་གཅུང་པོ་ཉིད་དང་ཆོས་སྡེ་ལྷོ་བྱང༌། ཁམས་པ་གྲྭ་རྒྱུན་བཞི་བཅུ་སྐོར་ལ་སྒྲོལ་ཕོར་དཔལ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིརྺ་པ་དང༌། རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་གདམས་པ་བསོད་ནམས་དང་མི་ལྡན་པ་རྣམས་ཀྱི་རྟོགས་དཀའ་བ། མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་ཡང་སྙིང་གསུང་ངག་རིན་པོ་ཆེ་སྣང་རྒྱུད་ཁྲིད་ཡིག མཁན་ཆེན་ངག་ཆོས་ཀྱིས་མཛད་པའི་གཞུང་དང༌། རྒྱས་