R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༣༣
[A:༨༣༣]དབང་རྗེས་གནང་ཁྲིད་ལུང་མང་དུ་གསན་པ། ལམ་དུས་རྟག་སྦྱོར་གུས་པས་བསྒོམ་པ་དང་བཟླས་བརྗོད་སོགས་ལ་བརྩོན་པ་སོགས་ཀྱི་འབྲས་བུ་མངོན་དུ་འགྱུར་པ་སོགས་མདོར་བསྡུས་ཙམ་བསྟན་ཟིན་ནས། ས་ལུག་ཟླ་བ་བརྒྱད་པའི་སྒང་ཅུང་ཟད་སྙུན་པ། ཞབས་རིམ་སྨན་བཅོས་སོགས་མཛད་ཀྱང་ཕན་སྐྱེད་མ་བཞེས་པས། དགུང་གྲངས་སོ་གཉིས་པ་ས་ལུག་ཟླ་བ་དགུ་པའི་ཚེས་བཅུ་དྲུག་ལ་ཞིང་ཁམས་གཞན་གྱི་གདུལ་བྱ་རྒྱ་ཆེ་བར་གཟིགས་ཏེ། ངོ་མཚར་ལྟས་དང་བཅས་གཤེགས་སོ། །དེ་འཕྲལ་འདི་ནས་ཤེས་འཕྲལ་ཐུགས་དམ་བླ་མཆོད་སོགས་ཞུས་ཏེ། དེ་སྐབས་ཁུལ་དེར་ནད་རིམས་མང་བ་སོགས་སྐུ་སྤུར་མཆོད་ཚོགས་སེར་ཕྲེང་བཅས་ནས་གདན་ཞུས་ཞག་ཤས་བརྗོད་པ་སོགས་ནས་ཟེར་དོན་སྤུར་ཁང་དུ་མཆོད་ཚོགས་བཅས་བཞུགས་དགོས་བྱུང༌། དེ་ནས་དུས་མཐའི་ཆོ་གའི་སྒོ་ནས་སྤུར་ཞུ་ཞུས་ཏེ། དེ་ནུབ་རྒྱས་བཏབ་དེའི་སང་ཉིན་གདུང་རུས་བསྡུས་ཏེ། མཆོད་ཚོགས་སེར་ཕྲེང་བཅས་ཞབས་ལྷར་གདན་དྲངས། ངོས་གདུང་རུས་རྣམས་བཏུལ་ཏེ། བླ་མ་ཡི་དམ་སངས་རྒྱས་བྱང་སེམས། ཆོས་སྲུང་ནོར་ལྷ་སོགས་ཀྱི་སྐུ་སྤར་མང་བཏབ་མཆོད་ཚོགས་དབུས་སུ་བཞུགས་ཤིང༌། གོང་སྐུ་སྤུར་ཕེབས་ཉིན་སྣ་ལྔའི་མཆོད་ཚོགས་སོགས་རྒྱ་ཆེ་བ་དང༌། ཚོགས་ཆེན་དུ་མང་ཇ་བཞེས་ཐུག་བསྙེན་བཀུར་ཟབ་མ་འགྱེད་བཅས་བསྒྲུབས་པ་དང༌། ངན་སྤྲང་རྣམས་ལ་སྦྱིན་གཏོང་སྐུ་ཚིགས་རྣམས་ལ་ལྷོ་བྱང་ཚོགས་ཡོངས་ནས་ཀུན་རིག་གསུང་ཆོག་དང་ངོས་རང་སོགས་སྐུ་ངོ་རྣམས་ལ་བསྔོ་རྟེན། དགོན་སྡེ་འགའ་རེ་