R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༣༤
[A:༨༣༤]ལ་འགྱེད་སོགས་སྐུ་ཆས་ཕྲན་ཡོད་ཀྱིས་བཏང་ཞིང༌། ཕྱི་ལོ་ངོས་རང་དབུས་འགྲུལ་འཁོར་ནས་ནང་རྟེན་དུ་དབུ་རྩེ་ལམ་འབྲས་བླ་བརྒྱུད་ཞལ་བསྐང་དུ། གསེར་ཟངས་སོགས་ལས་གྲུབ་པའི་ཡབ་རྗེ་རྡོ་རྗེ་འཆང་ངག་དབང་ཀུན་དགའ་སྙིང་པོའི་སྣང་བརྙན་མི་ཚད་ཙམ་གདན་ཁྲི་རྒྱབ་ཡོལ་སྐུ་མདུན་དུ་མཆོད་རྫས་བཅས། དེ་ཉིད་དུས་བཟང་སོགས་ལ་ངོས་རང་ནས་རབ་གནས་རྒྱས་པར་ཞུས་པ་བཅས། དེ་རྣམས་ཀྱིས་མཆེད་ཟླ་གཅུང་པོ་ངག་དབང་ཀུན་དགའ་གྲགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་སྒྲོ་སྐུར་དང་བྲལ་བ་ཅུང་ཟད་བཀོད་ཟིན་ཏོ། ། ༧ དྲག་ཤུལ་འཕྲིན་ལས་རིན་ཆེན། དེ་ནས་གོང་མ་དེ་ཐམས་ཅད་ཀྱིས་གྲས་མཐར་འཁོད་པ་ངོས་རང་ནི། དམ་པའི་རིགས་སུ་སྐྱེས་པ་ཙམ་ལས་སྐྱོན་གྱི་རྣམ་པ་ཉི་ཟེར་གྱི་རྡུལ་ལྟར་བགྲང་དུ་མེད་ཅིང༌། ཡོན་ཏན་གྱི་ཚོགས་ནི་ནམ་མཁའི་པདྨོ་དང་རི་བོང་གི་རྭ་ལྟར་དབེན་པས་འབྲི་བ་དང་བརྗོད་པར་རྔོ་མ་ཐོགས་ཀྱང་ས་བཅད་འགེངས་ཕྱིར་པདྨའི་སྣལ་མ་ལྟར་ཕྲ་བ་འགའ་ཞིག་མདོར་བསྡུས་ཀྱི་ཚུལ་དུ་བརྗོད་ན། ཁོ་བོ་ལྕགས་སྤྲེལ་ལོར་དབུས་བསྐྱོད་ཀྱིས་ཁྲི་མཇལ་སྐབས་གོང་ས་རྒྱལ་དབང་ཕྱག་ན་པདྨོ་འཆང་བ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོས་གདན་ས་འདི་ཉིད་ཀྱི་བསྟན་རིམ་མགོན་པོ་ཁྲོ་བཅུའི་གཏོང་སྣོན་མ་དངུལ་སྩལ་བའི་འགོ་མཆན་སྦུག་དམ་སྦྱར་མའི་བཀའ་བརྗོད་དུ། ད་ལྟའི་